[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • གངས་ལྗོངས་འཕེལ་རྒྱས་དོན་དུ་གཉེར། འབྲེལ་འདྲིས་གསེར་ཟམ་བརྟན་པོར་བསྐྲུན།

    —— བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་སྐབས་སུ་ཁ་གཏད་བོད་སྐྱོར་ལས་དོན་ལ་ཕྱིར་མིག་བལྟ་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-06

    1995ལོ་ནས་ད་བར། 

    ཁ་གཏད་བོད་སྐྱོར་ལས་དོན་གྱིས་རིམ་རྩིས་བྱས་ན་ཁྱོན་སྒོར་དུང་ཕྱུར་460ལྷག་ཙམ་བཏང་ནས་གཙོ་གནད་བོད་སྐྱོར་འདུ་འགོད་ཁྲི་1ལྷག་ཙམ་བསྐྲུན་པ་དང་འབྲེལ། རྣམ་གྲངས་དང་མ་དངུལ་གཞི་རིམ་དང་དམངས་འཚོའི་ཁྱབ་ཁོངས་སུ་གཟིགས་སྐྱོང་བྱས་ནས་མ་དངུལ་གྱི་80%ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་གཏོང་ཐད་སྤྱད་པ་རེད།

    1994ལོར། ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཏེ“གླེང་བགོས་འགན་འཁུར་དང་། ཁ་གཏད་རོགས་སྐྱོར། དུས་བཀག་ནང་བརྗེ་རེས”བཅས་ཀྱི་བོད་སྐྱོར་མཛད་ཕྱོགས་དང“ཡུན་རིང་རོགས་སྐྱོར་དང་རང་འགུལ་བརྗེ་རེས”བཅས་ཀྱི་ལས་བྱེད་པའི་རོགས་སྐྱོར་བྱེད་ཐབས་བཏོན་པ་ནས་བཟུང་། ཀྲུང་དབྱང་དང་རྒྱལ་ཡོངས་ཀྱི་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་ཁ་གཏད་རོགས་སྐྱོར་གྱིས་བོད་ཀྱི་འཕེལ་རྒྱས་ལ་རོགས་རམ་བྱེད་པའི་ལོ་རྒྱུས་ཀྱི་ལམ་བུ་འགོ་བཙུགས་ཡོད། 2015ལོ་དང་2016ལོར། སྨན་བཅོས་ཀྱི་ཤེས་ལྡན་མི་སྣ་དང་སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྔ་རྗེས་སུ་སྤེལ་ནས་བོད་སྐྱོར་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད་པ་རེད།

    ལོ་20ལྷག་ཙམ་རིང་། ཁ་གཏད་བོད་སྐྱོར་ལས་དོན་གྱིས་ནང་ས་ནས་གང་ལྗོངས་ས་མཐོའི་དབར་མངོན་མེད་ཀྱི་སྦྲེལ་ཟམ་ཞིག་བཙུགས་ནས་བོད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ལ་སེམས་དང་སེམས་དབར་གྱི་བར་ཐག་ཀྱང་ཉེ་རུ་བཏང་ཡོད།

    “འཚོ་གནས་དཀའ་ཁུལ”ས་ཆའི་སྙིང་སྟོབས་ཀྱི་མཛད་རྗེས་རྡོ་རིང་།

    བོད་འདི་ཉིད་མཚོ་བོད་ས་མཐོར་གནས་པས་ཆ་སྙོམས་ས་བབ་སྨི་4000ཡན་ཡོད་ཅིང་། མཐོ་གྲང་གསོ་རླུང་དཀོན་པའི་རང་བྱུང་ཆ་རྐྱེན་ལས་དེར་ཡོད་པའི་ས་ཆ་མང་པོར“འཚོ་གནས་དཀའ་ཁུལ”ཞེས་བརྗོད་ཀྱི་ཡོད།

    1995ལོར་ཁག་དང་པོའི་བོད་སྐྱོར་ལས་བྱེད་པ་བོད་དུ་སླེབས་པ་ནས་ད་བར། ཁག་བརྒྱད་ཀྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་8000ལྷག་ཙམ་བོད་དུ་སྔ་རྗེས་སུ་ལས་དོན་སྒྲུབ་པར་ཡོང་ཡོད། འཚོ་གནས་དཀའ་ཁུལ་དུ་ཁོང་ཚོས་ས་མཐོར་དགའ་ཞེན་དང་བྱ་གཞག་ལ་ལྷག་བསམ་རྣམ་དག་བྱས་ནས་ས་མཐོའི་སྙིང་སྟོབས་ཀྱི་མཛད་རྗེས་རྡོ་རིང་མང་དག་ཅིག་བཙུགས་ཡོད།

    དཔྱིད་ཀ་ཤར་མ་ཐག་པའི་མངའ་རིས་ས་ཁུལ་སྒར་རྫོང་དུ་ད་དུང་ཁ་བས་བཀླུབས་ཡོད། འོན་ཀྱང་མི་ཞིག་གི་མིང་ས་གནས་དེ་གའི་མང་ཚོགས་ཚོས་གཏན་ནས་བརྗེད་མི་སྲིད། ཁོང་ནི་ཧྲའན་ཤིས་ཞིང་ཆེན་གྱི་ཁག་དྲུག་པའི་བོད་སྐྱོར་ལས་བྱེད་པ་དང་སྐབས་དེ་དུས་ཀྱི་སྒར་རྫོང་ཨུད་ཀྱི་ཧྲུའུ་ཅི་ཡིན་པའི་ཀྲང་ཡུས་རེད།

    ལོ་བརྒྱད་གོང་གི་ད་ལྟའི་ནམ་དུས་སུ་སྒར་རྫོང་ལ་གངས་སྐྱོན་ཆེན་པོ་ཞིག་བྱུང་བ་དང་སྐབས་དེ་དུས་ནང་སར་འཁོར་ཞག་ཡིན་པའི་ཀྲང་ཡུས་ཀྱིས་གནས་ཚུལ་དེ་ཤེས་མ་ཐག་བོད་དུ་ལོག་ཡོང་བ་རེད། ས་བབ་སྨི་4300ལྷག་ཙམ་དང་དྲོད་ཚད་ཀླད་ཀོར་འོགགི་ཧྲེ་ཧྲི་ཏུའུ་20ཡི་གནམ་གཤིས་ཆ་རྐྱེན་འོག ཀྲང་ཡུས་ཀྱིས་དུད་ཁྱིམ་རེ་རེ་བཞིན་གྲལ་བཤེར་བྱས་པས་འཁྱག་ནས་ངོ་གདོང་ཡང་སྐྱ་བོར་གྱུར། གྲལ་བཤེར་གྱི་ལས་དོན་མཇུག་འགྲིལ་རྗེས་ཉིན་གསུམ་སྨན་ཆུ་བླུགས་པས། གཞི་ནས་གསོས།

    མང་ཚོགས་ཀྱི་དོན་དུ་རང་དོན་རྒྱབ་སྐྱུར་བྱེད་མཁན་བོད་སྐྱོར་ལས་བྱེད་པ་ཁོང་2012ལོའི་ཟླ་8པར་ལས་གནས་ཐོག་གྲོངས། ཉིན་མོ་དེར་མ་གཞི་བྱས་ན་ཁོང་རྫོང་སྣོད་བཅུད་ཐོན་ལས་གླིང་འཆར་འགོད་ཀྱི་དཔྱད་ཞིབ་ཚོགས་འདུར་ཕེབས་ནས་བྱེ་ཐང་ཐང་རྒོད་ནས་ཡོང་འབབ་གསོག་པའི་ཐབས་ལམ་ཞིག་འཚོལ་རྩིས་ཡོད་པ་རེད།

    “ལུས་པོ་ངལ་དུབ་ཀྱིས་མནར་ན་ཡང་ལས་འགན་བསྒྲུབ་རྒྱུ་ནམ་ཡང་ཨང་དང་པོར་འཇོག་རྒྱུ་ཡིན” ཀྲང་ཡུས་འདྲ་བའི་བོད་སྐྱོར་ལས་བྱེད་པ་ད་དུང་མང་པོ་ཡོད། ཁག་བདུན་པའི་བོད་སྐྱོར་ལས་བྱེད་པར་ཆ་མཚོན་ན། མི་1513(དེའི་ཁྲོད་བརྗེ་རེས་བྱས་པ་དེ་དག་ཚུད་པ)ཁྲོད་མི་421གི་གློ་བ་དང་ཀླད་པར་ཆུ་བསགས་པ་སོགས་ཀྱི་ས་མཐོའི་ནད་གཞི་ཕོག་པ་དང་མི་63ལ་གཞུང་དོན་ཆེད་རྨས་སྐྱོན་ཤོར་བ་རེད།

    དེ་འདྲ་བྱེད་རིན་ཡོད་དམ་ཞེ་ན། བོད་སྐྱོར་ལས་བྱེད་པ་མང་པོས་བྱ་སྤྱོད་ངོ་མའི་ཐོག་ནས་དེར་ལན་གསལ་པོ་ཞིག་བརྒྱབ་ཡོད།

    དེ་སྔའི་ཁག་དྲུག་པའི་བོད་སྐྱོར་ལས་བྱེད་པ་རྩི་ཤིང་རིག་པ་མཁས་ཅན་ཀྲུང་ཡང་ཐོག་མའི་བོད་སྐྱོར་དུས་བཀག་ཐིམ་རྗེས། ཁག་བདུན་པའི་བོད་སྐྱོར་ལས་བྱེད་པའི་ནང་བསྐྱར་དུ་ཞུགས་རྒྱུའི་རེ་ཞུ་བྱས། 2015ལོར། ཁོ་པར་གློ་བུར་དུ་ཀླད་ཁྲག་འདྲེས་པའི་ནད་གཞི་ཕོག་སྐབས་ཉེ་འཁོར་གྱི་མི་མང་ཆེ་བས་ཁོང་བོད་ནས་ཁ་འབྲལ་རྒྱུ་ཡིན་པར་སྙམ་ཡང་། བོད་ཀྱི་སློབ་གསོ་དང་ཚན་ཞིབ་བྱ་གཞག་ལ་དགོས་གལ་ཆེ་བ་སོགས་ཕྱོགས་གང་ཅིའི་ཐད་བསམ་བློ་བཏང་རྗེས། ཀྲུང་ཡང་གིས་2016ལོར་བོད་སྐྱོར་དུས་འགྱངས་བྱས་ནས་2018ལོར་གཞུང་དོན་སྒྲུབ་པའི་ལམ་བར་དུ་གྲོངས་པ་རེད།

    “བོད་ཀྱིས་ངའི་མི་ཚེ་གཅིག་ལ་ཤུགས་རྐྱེན་བཟང་པོ་ཐེབས་སོང་། ངས་རང་ཉིད་ཀྱི་ལང་ཚོ་བོད་ལ་སྐྱེས་སུ་ཕུལ་ནས་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་ཆེད་སྟོབས་ཤུགས་དེ་བས་མང་བ་འབུལ་འདོད་ཡོད”ཅེས་པ་དེ་ནི་བོད་སྐྱོར་ལས་བྱེད་པ་མང་པོའི་སེམས་གཏིང་གི་སྐད་ཆ་རེད།

    དངོས་འཛིན་དངོས་སྒྲུབ་ཁྲོད་ཐོན་པའི་ཕན་འབྲས་དངོས།

    ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་འདི་ཉིད་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གཏིང་དུ་གནས་པས་རྒྱལ་ཡོངས་ཀྱི་གཞུང་ལམ་ཤར་གཏོང་མཇུག་ཤོས་ཀྱི་ཤང་ཞིག་རེད། 2013ལོར། རྫོང་གྲོང་དུ་གཞུང་ལམ་ཤར་གཏོང་ཐུབ་རྗེས་ཤང་གྲོང་གི་བགྲོད་ལམ་ཁག་གཅིག་ཡང་སེ་ཆད་ཀྱི་ཡོད།

    དེ་ལྟར་ཡིན་ཡང་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་2016ལོའི་ཟླ་7པར་མེ་ཏོག་རྫོང་དུ་འབྱོར་བའི་ཉིན་གཉིས་པ་ནས་བཟུང་། གྲོང་ཚོ་དང་དུད་ཚང་དུ་སྐྱོད་འགོ་ཚུགས། རྫོང་ཡོངས་ཀྱི་ཤང(གྲོང་རྡལ)8ཀྱི་སྲིད་འཛིན་གྲོང་ཚོ་46ལ་ཁོང་ཚོས་ལོ་གསུམ་ནང་ཐེངས་གསུམ་འགྲོ་བ་དང་། གྲོང་ཚོ་རེར་ཉུང་མཐར་ཡང་ཞག་མ་གཅིག་སྡོད་རྒྱུའི་འཆར་གཞི་བཀོད། དེའི་ནང་ད་དུང་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་གྲོང་ཚོ་17ཚུད་ཡོད།

    “ལས་དོན་ཚོགས་ཆུང་གིས་རྣམ་གྲངས་རེ་ལག་བསྟར་བྱེད་རིམ་བཞིན་བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་ཡང་སེ་བྱས་ནས་ཚན་རིག་དང་མཐུན་པའི་འཆར་འགོད་དང་ཕུགས་ཀྱི་ཕན་འབྲས་ལ་སྣང་ཆེན་བྱེད་ཀྱི་ཡོད”ཅེས་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཀྲ་ཤིས་མཚོ་མོས་བརྗོད། མིག་སྔར་བོད་སྐྱོར་ལས་དོན་ཚོགས་ཆུང་གིས“རང་རྟེན་རྣམ་པའི”ཐོན་ལས་རྣམ་གྲངས་28བཏོད་དེ་ཇ་དང་། ཡུལ་སྐོར། ཤིང་འབྲས། ཚལ། སྨན་རྩྭ་སོགས་ཐོན་ལས་གནད་ལ་འཁྱོལ་ནས་གྲུབ་འབྲས་ཀྱང་ཐོན་ཡོད།

    པའོ་ཀང་གི་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་དབྱང་ཆན་ཝུའེ་ཆ་སྙོམས་ས་བབ་སྨི་5000གི་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་དུ་ལས་ཀ་བྱེད་ཀྱི་ཡོད། ཁོང་གིས་འབྲོག་ཁུལ་མང་ཚོགས་ཚོ་སྐྱས་སྤོ་དུས་ཟམ་པ་མེད་པའི་དཀའ་ངལ་ཤེས་རྗེས། ས་མཐོར་ཨར་སྐྲུན་བྱེད་དཀའ་བ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་སྐྱས་སྤོ་བའི་ལམ་ཐིག་ཐོག་ཟམ་པ་13བསྐྲུན་པ་དང་ཟམ་པ་13དེ་དག་ཀྱང་འབྲོག་པའི་སེམས་གཏིང་གི“སྲོག་ཐིག”རེད།

    “ངའི་ཁྱིམ་དུ་ལུག་མགོ་གྲངས་400ཡོད། དེ་སྔ་སྐྱས་སྤོས་ནས་གཙང་པོ་བརྒལ་སྐབས། མང་ཤོས་ལ་ལུག་100ལྷག་ཙམ་ཤི་གི་འདུག དབྱང་ཆན་ཝའེ་ནི་ང་ཚོའི་དྲིན་ཅན་ཡིན”ཞེས་ས་གནས་དེ་གའི་གྲོང་མི་ཚེ་རིང་དོན་གྲུབ་ཀྱིས་བཤད།

    བསྡོམས་རྩིས་བྱས་པར་གཞིགས་ན། 1995ལོ་ནས་ད་བར། ཁ་གཏད་བོད་སྐྱོར་ལས་དོན་གྱིས་རིམ་རྩིས་བྱས་ན་ཁྱོན་སྒོར་དུང་ཕྱུར་460ལྷག་ཙམ་བཏང་ནས་གཙོ་གནད་བོད་སྐྱོར་འདུ་འགོད་ཁྲི་1ལྷག་ཙམ་བསྐྲུན་པ་དང་འབྲེལ། རྣམ་གྲངས་དང་མ་དངུལ་གཞི་རིམ་དང་དམངས་འཚོའི་ཁྱབ་ཁོངས་སུ་གཟིགས་སྐྱོང་བྱས་ནས་མ་དངུལ་གྱི་80%ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་གཏོང་ཐད་སྤྱད་པ་རེད།

    མི་རིགས་སྤེལ་རེས་ཁྲོད་མི་སེམས་འགུལ་བའི་བརྩེ་སེམས་མངོན།

    ལྷ་ས་གྲོང་ཁྱེར་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་པེ་ཅིང་གི་བོད་སྐྱོར་དགེ་རྒན་ཞུང་ཨའེ་གོ་ལ་ཁོང་གི་སློབ་མ་ཚོས“པཱ་ཞུང་ལགས”ཞེས་འབོད་ཀྱི་ཡོད།

    2015ལོར། ཁོང་གིས་རང་འགུལ་ངང་བོད་སྐྱོར་བྱས་པ་ནས་བཟུང་། ཞུང་ཨའེ་གོས་ཧ་ལམ་གཟའ་མཇུག་རེར་སློབ་མའི་ཁྱིམ་དུ་བཅར་འདྲིར་འགྲོ་གི་ཡོད། སློབ་མ་ཁ་ཤས་ཀྱི་ཁྱིམ་ནི་ཐག་རིང་ཞིང་འབྲོག་ཁུལ་དུ་ཡོད་སྟབས་ལམ་ཐག་ཉིན་ཕྱེད་ཙམ་འགོར་གྱི་ཡོད། དུད་ཚང་དབུལ་པོའི་སློབ་མར་ཞུང་ཨའེ་གོས་རང་དངུལ་བཏང་ནས་འཚམས་འདྲིའི་དངོས་པོའང་ཉོ་གི་ཡོད་པ་རེད།

    ལོ་20ལྷག་ཙམ་གྱི་རིང་། བོད་སྐྱོར་ལས་བྱེད་པ་ཁག་ཐེངས་རེ་རེས་བོད་དུ་ལྷག་བསམ་བཅངས་ནས་བོད་སྐྱོར་ལས་ལ་གཞོལ་ཡོད་ལ། བོད་ཀྱི་མང་ཚོགས་ཀྱིས་ཀྱང་ཁོ་ཚོར་གདེང་འཇོག་གང་ལེགས་བྱས་ཡོད།

    སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལོ་གསུམ་བྱས་པའི་རིང་། “རྒྱ་རིགས་སྨན་པ་ཡག་པོ”ཞེས་པའི་མཚན་སྙན་བོད་རིགས་ནད་པ་མང་ཚོགས་ནང་ཁྱབ་ཡོད། གཤགས་བཅོས་ཁང་གི་ཕྱི་རོལ་དུ་ཁ་བཏགས་དང་། དར་ཚོན། དེ་བཞིན་བོད་རིགས་ནད་པའི“ཐུགས་རྗེ་ཆེ”ཞེས་པའི་དྲིན་གཟོའི་ཚིག་རྒྱུན་ཆད་མེད་པའང་བོད་སྐྱོར་སྨན་པ་རྣམས་ཀྱིས་ས་མཐོའི་སྨན་བཅོས་བྱ་གཞག་ལ་འབད་པའི་སྐུལ་ལྕག་ཏུ་གྱུར།

    “བོད་རིགས་སྤུན་ཟླའི་ཡིད་ཆེས་ཆུད་ཟོས་སུ་གཏོང་མི་རུང”ཞེས་ལེའོ་ཉིང་ཞིང་ཆེན་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་པ་པན་ཡུན་ཁྲའོ་ཡིས་བརྗོད།

    ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་སྨན་ཁང་སྟེ། ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ལས་ཀ་བྱེད་སྐབས། པན་ཡུན་ཁྲའོ་ཡིས་ཉིན་16ནང་ཉིན་6མཚན་གང་ལས་ཀ་བྱས་ཏེ་གཤགས་བཅོས་10བྱེད་མྱོང་ཡོད། 

    “རྒན་པན་ལགས་ཀྱི་རྗེས་སུ་འབྲངས་པ་ལས་སྨན་བཅོས་ལག་རྩལ་ཤེས་པ་མ་ཟད། ད་དུང་སྨན་པའི་འགན་འཁྲི་དང་དེ་བཞིན་ཚེ་སྲོག་ལ་བརྩི་འཇོག་བྱེད་ཚུལ་ཡང་ཤེས་བྱུང”ཞེས་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་པ་རྣམ་རྒྱལ་གྱིས་བཤད།

    2019ལོའི་དབྱར་ཁར་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་དུས་བཀག་གཙང་ནས་ཁ་གྱེས་ལ་ཉེ་བ་དང་། ས་མཐོའི་འཛུགས་སྐྲུན་གྱི་དཔུང་ཁག་ནང་སླར་ཡང་རུ་མི་གསར་པ་སླེབས་རྒྱུ་རེད། མི་སྣ་བརྗེས་ཀྱང་བྱ་སྤྱོད་ངོ་མའི་ཐོག་ནས་ས་མཐོར་བྱས་རྗེས་འཇོག་པ་དང་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་སྙིང་སྟོབས་ནི་མི་རབས་ནས་མི་རབས་བར་གྱི་བོད་སྐྱོར་ལས་བྱེད་པས་རྒྱུན་འཛིན་བྱ་རྒྱུ་ནམ་ཡང་དོར་མི་སྲིད།

    “བོད་སྐྱོར་ལས་བྱེད་པ་བོད་དུ་སླེབས་ཏེ་ནང་སའི་དབར་འབྲེལ་ཟམ་བཙུགས་ནས་བོད་ཀྱི་ལས་བྱེད་པ་དང་མང་ཚོགས་དང་ལྷན་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་བསྐྲུན་ཡོད”ཅེས་སྡོད་ཁང་འཛུགས་སྐྲུན་པུའི་ཁག་བདུན་པ་དང་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་ལིའུ་ཤིན་ཧྥེང་གིས་བཤད།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་4ཚེས་4ཉིན་གློག་འཕྲིན་འབྱོར་གསལ། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།