[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • བོད་ཀྱི་ཚོགས་སྒྲིག་རྣམ་པའི་ཁྲག་རྒྱུན་བོད་སྐྱོར་ལས་དོན་གྱི་ཕན་འབྲས་མངོན་གསལ་དོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-19

    ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་བ་ནས་བཟུང་། རང་ལྗོངས་ཀྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་ཧ་ཅང་མཐོ་རུ་ཕྱིན་པ་མ་ཟད། གཤགས་བཅོས་ཀྱི་རིགས་དང་གྲངས་ཚད་ཀྱང་ཧ་ཅང་མང་དུ་ཕྱིན་ནས་ཁྲག་རྒྱུན་མཁོ་སྤྲོད་འགན་ལེན་བྱེད་ནུས་དང་སྨན་བཅོས་ལག་རྩལ་འཕེལ་རྒྱས་དབར་གྱི་འགལ་བ་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། དེར་བརྟེན། རང་སྐྱོང་ལྗོངས་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས་ཁྲག་རྒྱུན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ། རང་ལྗོངས་ཀྱི་ཁྲག་རྒྱུན་མཁོ་སྤྲོད་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་མ་ཟད། ལས་འགན་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུར་བཀོད་སྒྲིག་བྱས་ཏེ་རང་ལྗོངས་ཀྱི་ཁྲག་རྒྱུན་དོ་དམ་དང་། མཁོ་སྤྲོད་འགན་ལེན། ཁྲག་རྒྱུན་གྱི་བདེ་འཇགས་ཆུ་ཚད་བཅས་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད་པ་རེད།

    2018ལོར། ལྗོངས་ཡོངས་ཀྱིས་ཁྲག་རྒྱུན་3763.5Uབསྡུས་པ་དང་། ནང་སའི་ཞིང་ཆེན་དང་གྲོང་ཁྱེར་8ཀྱིས་རིན་མེད་ངང་ཁྲག་རྒྱུན་14666Uརོགས་སྐྱོར་བྱས་པ། ནད་ཐོག་སྨན་བཅོས་ལ་ཁྲག་རྒྱུན་18232.5Uམཁོ་འདོན་བྱས་པས་རང་ལྗོངས་ཀྱི་ཁྲག་རྒྱུན་གྱི་དགོས་མཁོ་དང་མཁོ་འདོན་དབར་གྱི་འགལ་བ་ཆུང་དུ་བཏང་ཡོད་པ་རེད། དེ་དང་དུས་མཚུངས། རང་སྐྱོང་ལྗོངས་ཁྲག་རྒྱུན་ལྟེ་གནས་ཀྱིས་2018ལོའི་ཟླ་4པར་ཁྲག་རྒྱུན་ཉིང་སྐྱུར་གཅིག་སྡུད་ཅན་གྱི་ལྟ་ཞིབ་ཚད་ལེན་ལས་དོན་སྤེལ་ནས་ཁྲག་རྒྱུན་གྱི་བདེ་འཇགས་ཀྱི་འགག་སྒོ་ནན་པོ་བསྲུངས་ཏེ་ཁྲག་རྒྱུན་བདེ་འཇགས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ཡོད་པ་རེད།

    2019ལོར། རང་སྐྱོང་ལྗོངས་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་སྦྲེལ་མཐུད་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཁྲག་རྒྱུན་རོགས་སྐྱོར་བྱེད་ཤུགས་ཆེ་རུ་དང་། ཟླ་རེར་ཁྲག་རྒྱུན་1600Uབར་མང་དུ་གཏོང་བའི་འཆར་གཞི་བཟོས་པ་དང་སྦྲགས། ནད་ཐོག་སྨན་བཅོས་ལག་རྩལ་གསར་པ་ཁྱབ་གདལ་བཏང་ནས་ཁྲག་རྒྱུན་གྱི་ཐོན་ཁུངས་གྲོན་ཆུང་བསྲི་ཚགས་བྱེད་པ་དང་། རིན་མེད་ངང་ཁྲག་སྦྱིན་འབུལ་གཏོང་བའི་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲག་རྒྱུན་མཁོ་སྤྲོད་ཀྱི་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཁྲག་རྒྱུན་གྱི་བདེ་འཇགས་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་ནད་ཐོག་སྨན་བཅོས་ཀྱི་ཁྲག་གི་དགོས་མཁོ་བསྐང་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།