[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • མཐའ་མཚམས་གྲོང་ཚོ་ཆུང་གྲས་དེ་བས་སྡོད་མལ་ལ་འཚམ་པ།

    —— བོད་རང་སྐྱོང་ལྗོངས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་འཛུགས་སྐྲུན་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-23

    ལོ་40ཡི་རིང་བོད་ཀྱི་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་6.65ནས་སྒོར་དུང་ཕྱུར་1310.63བར་འཕར་ནས་ལོ་རེར་ཆ་སྙོམས་འཕར་ཚད་10%ལས་མཐོ་བ་ཡོད་པ་དང་། སྤྱི་ཚོགས་འཛད་སྤྱོད་ཀྱི་སིལ་ཚོང་བསྡོམས་འབོར་1978ལོའི་སྒོར་དུང་ཕྱུར་2.45ནས་2017ལོའི་སྒོར་དུང་ཕྱུར་523.32བར་འཕར་ཏེ་ལོ་རེར་ཆ་སྙོམས་འཕར་ཚད་14.74%ཟིན་པ། གྲོང་མིའི་ཆ་སྙོམས་ཚེ་ཚད་ལོ་51ནས་ལོ་68.17བར་རིང་དུ་སོང་བ་བཅས་རེད། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས“རྒྱལ་ཁབ་ཀྱི་བརྟན་ལྷིང་དང་། མཐའ་མཚམས་སྲ་བརྟན། མི་རིགས་མཐུན་སྒྲིལ། མེས་རྒྱལ་གཅིག་གྱུར་བཅས་ནི་བོད་ཀྱི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་རིང་གི་འཕེལ་རྒྱས་ཀྱི་གཙོ་རྐང་ཡིན་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་དེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དང་ཁ་འབྲལ་ཐབས་མེད་ཅིང་། ‘རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས’ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་དགོངས་པས་བོད་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་མཛུབ་ཁྲིད་གནང་བཞིན་ཡོད་ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་གསུངས་ཡོད། ས་ཁུལ་གཅིག་ཀྱང་རྗེས་སུ་མི་ལུས་པ་དང་མི་རིགས་གཅིག་ཀྱང་རྗེས་སུ་མི་ལུས་པ་བྱས་ཏེ་བོད་དུ་མཐའ་མཚམས་གྲོང་ཚོ་628ཀྱིས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་སྐྲུན་པ་བརྒྱུད“རྣམ་པ་རྙིང་པ་གསར་རྐྱང་དུ་བརྗེས”ཡོད། མཐའ་མཚམས་གྲོང་ཚོའི་གྲོང་མི་ཚོའང་སྐལ་བཟང་མེ་ཏོག་ལྟར་གངས་ལྗོངས་མཐའ་མཚམས་སུ་གཞི་ཚུགས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་དུ་གྱུར་ཡོད་པ་རེད།

    གྲོང་ཚོའི་རྣམ་པ་ཉིན་བཞིན་གསར་པར་གྱུར་བ།

    མཐའ་མཚམས་གྲོང་ཚོའི་གྲོང་མི་ཚོས་ལོ་དེ་དག་རིང་གི་ཕ་ཡུལ་གྱི་འགྱུར་ལྡོག་སྐོར་གླེང་སྐབས་ཚང་མས་མཐེ་བོང་སྒྲེང་བཞིན་དུ་ངོ་གདོང་ལས་དགའ་བའི་རྣམ་འགྱུར་སྟོན་བཞིན་མཆིས།

    རྩྭ་མདའ་རྫོང་བསྟི་ཡག་ཤང་སྲིབ་སྐྱིད་གྲོང་ཚོའི་ལོ་53ལ་སླེབས་པའི་བཅོ་ལྔ་ལྷ་མོ་དང་བཟའ་ཟླའི་ངོས་ནས་བརྗོད་ན་མྱོང་ཚོར་ཆེ་ཤོས་ནི་རང་ཁྱིམ་གྱི་ཁང་པ་དེ་ཡིན་ཞིང་། ཁོང་གིས“སྔོན་ཆད་ང་ཚོ་ཁང་མིག་གཉིས་ལས་མེད་པའི་ཤིང་ཁང་ནང་དུ་སྡོད་ཀྱི་ཡོད། 2012ལོར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་4.6བཏང་བས་ངའི་ཁྱིམ་སོ་ཕག་དང་ཤིང་ལས་གྲུབ་པའི་བདེ་སྡོད་ཁང་པར་སྤོས་པ་དང་ན་ནིང་སླར་ཡང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་པའི་སྨི་ངོས་གྲུ་125ཡོད་པའི་ཐོག་སོ་གཉིས་ལྡན་གྱི་ཁང་པར་སྤོས་ནས་གསང་སྤྱོད་ཁེར་རྐྱང་དུ་ཡོད་པ་མ་ཟད་ད་དུང་སྨི་30ཡོད་པའི་དྲོད་ལྡན་བར་ཁྱམས་དང་སྨི་ངོས་གྲུ་80ཡོད་པའི་སྒོ་རའང་ཡོད། ང་ཚོ་ཁང་པ་ཡག་པོ་དེ་ལྟ་བུར་སྡོད་རྒྱུ་ཡོང་བ་བསམ་ཡུལ་ལས་འདས་སོང”ཞེས་བཤད།

    སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོའི་ལོ་57ལ་སླེབས་པའི་དབང་གྲགས་ཀྱིས་བརྗེད་ཐབས་གཏན་ནས་མེད་པ་ནི་གྲོང་ཚོའི་ནང་གི་ལྗོན་ཤིང་ཡིན་ཞིང་། ཁོང་གིས“ང་ཚོའི་དེ་གའི་གནམ་གཤིས་ཀྱིས་རྐྱེན་པས་ལྗོན་ཤིང་སྡོང་རྐང་གཅིག་གསོ་རྒྱུ་དེ་ཕྲུ་གུ་གཅིག་གསོ་བ་ལས་ཀྱང་དཀའ་བ་ཡོད་མོད། འོན་ཀྱང་སྲིད་གཞུང་གིས་མ་དངུལ་བཏོན་ནས་གྲོང་ཚོའི་ནང་ལྗོན་ཤིང་བཏབ་པའི་ནང་སྤང་གོང་སྦྱར་པ་དང་འོམ་བུ་ཤིང་ཡོད་པ་མ་ཟད་ད་དུང་མཐོང་དཀོན་པའི་སྦྱར་པ་ལོ་མ་ཆུང་ངུ་དང་རི་ཁམ་ཡང་ཡོད་པ་དེ་དག་སྤྱི་ཕན་ནགས་ཚལ་གྱི་ཁོངས་སུ་གཏོགས་ཤིང་གྲོང་ཚོའི་ནང་ད་དུང་ལྗོན་ཤིང་སྡོང་རྐང་9000ལྷག་ཙམ་བཏབ་ཡོད”ཅེས་བཤད། བཀྲ་ཤིས་སྒང་ཤང་གི་ཏང་ཨུད་ཧྲུའུ་ཅི་དབྱང་ཨེ་མིན་གྱིས་གསར་འགོད་པར་སྔོ་ལྗང་ལྗོན་ཤིང་གིས་ཁེངས་ལ་སྡོད་ཁང་གྲལ་སྟར་འགྲིག་པའི་གྲོང་ཚོའི་ཁོར་ཡུག་དེ་ལྟ་བུ་མངའ་རིས་ས་ཁུལ་དུ་རྩེ་གྲས་སུ་སླེབས་ཀྱི་ཡོད། “མི་སེར་གྱི་འཚོ་བ་སྐྱིད་སྣང་དོད་པས་ཕྱི་ཕྱོགས་གྲོང་ཚོའི་བུ་མོ་རྣམས་དེ་གར་མནའ་མར་ཡོང་འདོད་ཆེན་པོ་བྱེད་ཀྱི་ཡོད”མི་གྲངས་ཉུང་ཤོས་སྐབས་དུད་ཚང་3ལས་མེད་པའི་གྲོང་ཚོ་ཆུང་གྲས་དེར་ད་ཆ་འཚོ་སྡོད་བྱེད་མཁན་དུད་ཚང་48ཀྱི་མི་གྲངས་171ཡོད་པ་རེད་ཅེས་བཤད།

    ས་བབ་མཐོ་ཚད་སྨི་4360ཡོད་པའི་གྲོ་མོ་རྫོང་ཕག་རི་རྩྭ་ཐང་ནི་བོད་ཀྱི་ས་རྒྱུ་གཤིན་ཤོས་ཀྱི་རྩྭ་ཐང་གི་གྲས་ཤིག་ཡིན་པ་དང་དེ་གའི་ཕག་རིའི་འབྲི་གཡག་ནི་རྒྱལ་ཁབ་རིམ་པའི་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོང་རིགས་ཤིག་རེད། གསོ་ཚགས་རྟེན་གཞིའི་གཟུགས་སྟོབས་ཆེ་ལ་ཤ་ཤེད་ཡག་པའི་འབྲི་གཡག་100ལྷག་ཙམ་བཤས་གཏོང་རྩིས་ཡོད་ཅིང་། “ང་ཚོས་གྲང་འདྲེན་སྐྱེལ་འདྲེན་བརྒྱུད་ཀྲེ་ཅང་ཧང་ཀྲོའུ་ཡི་སྒོ་རྩིས་ཚོང་ཁང་ཞིག་ཏུ་འབྲི་གཡག་150ཡི་ཤ་བྲིན་ཚོང་ཚོད་ལྟ་བྱས་པར་བྲིན་ཁ་ཧ་ཅང་རྒྱུག་པོ་འདུག”ཅེས་བོད་ལྗོངས་ཕག་རི་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལིས་གསར་འགོད་པར་ལག་ཐོགས་ཁ་པར་གྱི་བརྙན་ལམ་བསྟན་པ་དང་ཚོང་སྟེགས་མདུན་དུ་མི་ཚོགས་ཀྱིས་ཁེངས་ཡོད། “སྔོན་ཆད་ཕག་རིའི་འབྲི་གཡག་ཚང་མ་འབྲོག་པས་ཁ་ཐོར་དུ་འཚོ་བ་དང་ད་ཆ་མང་ཚོགས་ཀྱིས་རང་མོས་དང་རང་ཁྱིམ་གྱི་ཕྱུགས་ཟོག་ལ་རིན་གོང་བརྒྱབ་ནས་ཀུང་སིར་མ་རྩ་བཞག་སྟེ་ཁེ་སྤོགས་བགོ་བ་དང་རྩྭ་ར་གཅིག་སྡུད་དོ་དམ་བྱས་པས་འབྲོག་དུད་648ཞུགས་ཡོད། ཚན་རིག་དང་མཐུན་པའི་སྒོ་ནས་གསོ་ཚགས་བྱས་པ་དེས་འབྲི་གཡག་གི་སྤུས་ཀ་དག་ཏུ་ཕྱིན་པ་དཔེར་ན་ད་ཆ་དགུན་དུས་འབྲི་གཡག་གཅིག་སྡུད་གསོ་ཚགས་བྱས་པ་དེས་ཤེད་མོ་ཤོར་བའི་གནད་དོན་ཐག་གཅོད་ཐུབ་པའི་ཁར་ང་ཚོས་ཀྱང་དམར་སྐྱུར་ཁུ་བའི་ཚགས་ཀྲིན་དང་ཚྭ་སྦྱངས་ཚགས་ཤ་སོགས་ལས་སྣོན་ཞིབ་མོ་བྱས་པའི་ཐོན་རྫས་ཐོན་སྐྱེད་བྱས་ནས་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་གི་ཡོད”ཅེས་ཕག་རི་གྲོང་རྡལ་གྱི་སྡེ་ཁུལ་ཞིག་གི་སྐལ་བཟང་གིས་བཤད་པ་དང་། ཁོང་གིས་རང་ཁྱིམ་གྱི་འབྲི་གཡག་30ལྷག་ཙམ་ཚང་མ་མ་རྐང་ལ་བཅུག་པ་དང་རང་ཉིད་རྟེན་གཞིའི་གསོ་ཚགས་པ་བྱས་ཏེ་ཁེ་སྤོགས་བགོ་རྒྱུ་ཡོད་པ་མ་ཟད། ད་དུང་ཟླ་རེར་གླ་ཆ་སྒོར་3000ལེན་རྒྱུ་ཡོད་སྟབས་ལོ་གཅིག་ཁོ་ནར་དུད་ཚང་དབུལ་པོ་ལས་སྒྲོལ་ཐུབ་ཡོད།

    ལས་ཞུགས་གཞན་སྒྱུར་གྱི་ཐབས་ལམ་མང་བ།

    ལས་རིགས་གསོ་སྦྱོང་གིས་ལས་ཞུགས་གཞན་སྒྱུར་ལ་ལམ་བུ་གསར་པ་བཏོད་པ། མར་དཀར་གྲོང་ཚོའི་ལྷག་པ་ན་ནིང་དབུལ་སྒྲོལ་ཐུབ་མ་ཐག་ཡིན་པ་དང་། ཁོང་གིས“ན་ནིང་རྒྱལ་ཁབ་ཀྱིས་མ་དངུལ་བཏང་སྟེ་ངའི་བུ་གཞིས་རྩེ་གྲོང་ཁྱེར་དུ་རླངས་འཁོར་སྦྱོང་བར་བཏང་བ་མ་ཟད། ད་དུང་རྐོ་འདྲུའི་འཕྲུལ་འཁོར་གཏོང་སྟངས་ཀྱང་བསླབས་འདུག ད་ཆ་བུ་གྲོང་རྡལ་དུ་སྐྱེལ་འདྲེན་ལས་ལ་གཞོལ་བ་དང་རང་ཉིད་ལ་འཇོན་ཐང་ཡོད་པས་མི་རྣམས་ཀྱིས་ཁང་པའི་སྒོ་འགྲམ་དུ་ལས་ཀར་སྐད་གཏོང་བར་ཡོང་གི་འདུག”ཅེས་སྤོབས་པ་ཆེན་པོས་བཤད། རྡོ་རྗེ་བསོད་རྒྱལ་གྱིས་གསར་འགོད་པར“སྐྱིད་གྲོང་གིས་ན་ནིང་ནས་བཟུང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་རྒྱལ་སྤྱིའི་རང་བཞིན་གྱི་འགག་སྒོ་ཞིག་ཏུ་གྱུར་ཡོད་པས། ང་ཚོའི་བསམ་པར་ས་ཆ་འདིར་སྐྱེལ་འདྲེན་ལས་རིགས་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ལྡན་ལ་འགག་སྒོ་འཛུགས་སྐྲུན་བྱེད་སྐབས་ལེ་ལག་ཚང་བའི་ལས་གྲྭ་མང་དག་ཅིག་ཀྱང་གསར་འཛུགས་བྱེད་ངེས་ཡིན་པས། གྲོང་ཚོའི་དུད་ཚང་དབུལ་པོ་9ཡི་མི་27ལ་སློབ་ཡོན་མི་དགོས་པའི་གསོ་སྦྱོང་གི་མིང་སྐལ་རེ་ཞུ་བྱས་ཏེ་ན་ལོན་ངལ་རྩོལ་ནུས་ཤུགས་རླངས་འཁོར་གཏོང་སྟངས་དང་ལས་གྲྭའི་སྒྲིག་ཆས་བེད་སྤྱོད་བྱེད་སྟངས་སྦྱོང་བར་བཏང་ཡོད”ཅེས་བཤད།

    “ཕྱི་ཕྱོགས་ནས་ཤེས་ལྡན་པ”ནང་འདྲེན་བྱས་པས་ཐོན་ལས་འཕེལ་རྒྱས་ལ་ཤེས་ལྡན་མི་སྣ་གྲབས་གསོག་བྱས་པ། གྲོ་མོའི་ཉ་གསོ་སྤེལ་ཐོན་ལས་འཕེལ་རྒྱས་གཏོང་ཆེད། ཧྲང་ཧའེ་ཧའེ་དབྱང་སློབ་ཆེན་གྱིས་དགེ་རྒན་ཆེ་མོ་བ་4དང་། མཐོ་རིམ་བཟོ་བཀོད་པ་2 འབུམ་རམས་པའི་སློབ་མ་4མི་ཐབས་ལ་བརྟེན་ནས་གྲོ་མོའི་ཉ་གསོ་སྤེལ་བྱེད་པའི་ལག་རྩལ་ཞིབ་སྤེལ་དང་མི་སྣ་གསོ་སྦྱོང་བྱེད་པར་སྔ་རྗེས་སུ་བཏང་བ་རེད། གསོ་སྤེལ་རྟེན་གཞིའི་འགན་འཁུར་བ་ལྷག་པ་ནོར་བུས“རྟེན་གཞིས་ད་དུང་རང་ཉིད་ཆེད་མངགས་ཧྲང་ཧའེ་རུ་ལག་རྩལ་སྦྱོང་བར་བཏང་བ་དང་ཚུར་སླེབས་རྗེས་སླར་ཡང‘བརྒྱུད་རོགས་ཁྲིད’གསུམ་བྱས་བྱུང་། ད་ཆ་ང་ཚོའི་ཤང་3གྱི་མི་50ལྷག་ཙམ་གྲོ་མོའི་ཉ་གསོ་སྤེལ་གྱི་ཤེས་ལྡན་མི་སྣར་གྱུར་ཡོད”ཅེས་བཤད། 2017ལོར་གྲོ་མོ་རྫོང་དུ་ཉ་རྒྱུད་སྤེལ་རྟེན་གཞི་1དང་གསོ་སྤེལ་རྟེན་གཞི་3བསྐྲུན་ཟིན་ཡོད་ལ། ལོ་རེར་ཆ་སྙོམས་ཉ་ཕྲུག་ཁྲི་2000གསོ་སྤེལ་ཐུབ་ཀྱི་ཡོད་པ་དང་ལོ་གསུམ་གྱི་རྗེས་སུ་ཆ་སྙོམས་ཉ་རྒྱ་མ་ཁྲི་100འཚོང་ཐུབ་རྒྱུ་རེད་ཅེས་གསར་འགོད་པར་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།