[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ནུས་ཤུགས་ཡོད་རྒུས་རོགས་རམ་བྱས་པ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ།

    ​ —— ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་ཀའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-05

    2015ལོའི་ཟླ་8པར་པེ་ཅིང་གྲོང་ཁྱེར་གྱི་ཁག་དང་པོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་བྱེད་པ་བོད་དུ་ཡོང་ནས་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་འགོ་བརྩམས་ཡོད། ལོ་3ནང་པེ་ཅིང་མཛའ་གྲོགས་སྨན་ཁང་སོགས་པེ་ཅིང་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྨན་ཁང་22ཀྱིས་ནུས་ཤུགས་ཡོད་རྒུས་རོགས་རམ་བྱས་པའི་འོག་སྨན་ཁང་ལ་ཕྱོགས་མང་པོའི་ཐད་ལོ་རྒྱུས་རང་བཞིན་གྱི་ཡར་ཐོན་དང་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད་པ་རེད།

    ཚན་རིག་ལ་བརྟེན་ནས་ངེས་གནས་གཏན་འཁེལ་བྱས་ཏེ་སྨན་བཅོས་བོད་སྐྱོར་གྱི་རྣམ་པ་གསར་པ་བཏོད་པ།

    ནམ་ཡང་གནས་ཐུབ་ལ་ཆུ་ཚད་མཐོ་བའི་སྨན་བཅོས་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་གཏོད་རྒྱུ་དེ་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་གྱི་གཙོ་གནད་ལས་འགན་ཞིག་རེད། ལོ་3ནང་པེ་ཅིང་གྲོང་ཁྱེར་གྱིས་རིམ་རྩིས་ལྟར་ན་བོད་སྐྱོར་ལས་བྱེད་པ་48སྨན་ཁང་དེར་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྒྲུབ་པར་འདེམས་མངགས་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ཁོག་ནད་ཚན་ཁག་གི་ནད་སྐྱོང་དཔོན་ཁྲང་ཝུན་ཅིང་རྒྱལ་སའི་གསོ་རིག་ཚན་རིག་སློབ་གྲྭ་ཆེ་མོའི་ཞོར་གཏོགས་པེ་ཅིང་ཧྲེ་ཅི་ཐན་སྨན་ཁང་ནས་ཡོང་བ་དང་ཁག་གཉིས་པ་དང་གསུམ་པའི་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་ཤེས་ལྡན་མི་སྣ་ཡིན་པ་རེད། 2016ལོའི་ཟླ་7པར་ལྷ་སར་ཡོང་རྗེས་ཁོང་གིས་ལས་ཡུལ་དུ་ཟླ་བ་9ཏག་ཏག་སྐྱོད་དེ་ཟུངས་ཁྲག་སིམ་དབྱེ་ཁང་བདེ་བླག་ངང་བསྐྲུན་རྒྱུར་རམ་འདེགས་བྱས་ཡོད་པ་རེད། མིག་སྔར་ཚན་ཁག་དེའི་ཟུངས་ཁྲག་སིམ་དབྱེའི་ལག་རྩལ་ཉིན་རེ་བཞིན་ལེགས་སུ་ཕྱིན་ནས་ཟུངས་ཁྲག་སིམ་དབྱེ་དང་། ཟུངས་ཁྲག་འཁོར་རྒྱུག ཟུངས་ཁྲག་སིམ་དབྱེ་དང་དྭངས་གསིང་སོགས་ལག་རྩལ་ཁོང་དུ་ཆུད་ཐུབ་པ་བྱུང་ཡོད།

    པེ་ཅིང་གྲོང་ཁྱེར་གྱི་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་ལས་དོན་གྱིས་བདེ་ཐང་དབུལ་སྒྲོལ་དང་། དམངས་འཚོ་འགན་ལེན། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་གོང་འཕེལ་ཡོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ“གཉིས་ཆག་གཅིག་མཐོའི”འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱ་རྒྱུ་ཞིབ་ཕྲའི་དམིགས་ཚད་དུ་བྱས་ཏེ་སྨན་བཅོས་བོད་སྐྱོར་གྱི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ་བོད་སྐྱོར་ལས་ཀའི་དམིགས་སའི་རང་བཞིན་དང་། སྤྱོད་གོ་ཆོད་པའི་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ“ནད་གཞི་ཚབས་ཆེན་བོད་དུ་བཅོས་པའི”མཐའ་སྐྱོང་སྨན་ཁང་སྐྲུན་པའི་དམིགས་ཚད་ཀྱི་བླང་བྱ་གཞིར་བཟུང་། ཚན་ཁག་གཙོ་བོ་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཚན་ཁག་ཉམས་ཞན་གྱི་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་སྨན་བཅོས་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་ལེགས་སུ་བཏང་ཡོད་པ་རེད།

    གནད་སྨིན་ཤུགས་འདོན་གྱིས་སྨན་བཅོས་བོད་སྐྱོར་གྱི་ཚད་བརྒལ་གསར་པ་མངོན་འགྱུར་ཡོང་བ་བྱས་པ།

    པེ་ཅིང་ཐེན་ཐན་སྨན་ཁང་ནས་ཡོང་བའི་འབུམ་རམས་པ་ཁྲེན་ཀོང་ཆང་2017ལོར་ཁག་གསུམ་པའི་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་རུ་ཁག་ནང་ཞུགས་པ་རེད། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ནད་ལྕི་ཚན་ཁག་ཏུ་ཁོང་གིས་རྩེར་སོན་གྱི་ལག་རྩལ་དང་བྱམས་སེམས་ལ་བརྟེན་ནས་སྨན་དོན་མི་སྣ་གཞན་གྱི་གཞོགས་འདེགས་དམ་ཟབ་འོག་ནང་མིས་ནད་གཞི་བཅོས་རྒྱུ་རེ་ཞིག་བློས་གཏོང་བྱས་པའི་མཁལ་ནད་ཕོག་མཁན་འཇམ་ཆེ་གེ་མོ་དང་འཛམ་གླིང་ཡོངས་སུ་ནད་དཔེ་25ལས་ཐོན་མྱོང་མེད་པའི་དོས་དྲག་དང་ཁྱབ་གདལ་རང་བཞིན་གྱི་གློ་ལྒང་ཁྲག་དོན་གྱི་ནད་པ་ཞིག་བསྐྱབས་པ་རེད།

    སྨན་ཁང་22དང“སྨན་ཁང་གི་ཚན་ཁག་འགན་གཙང་ལེན་པའི”ཆ་སྒྲིག་རོགས་སྐྱོར་ལམ་སྲོལ་བཙུགས་ཏེ་ཚན་ཁག་འཛུགས་མགྱོགས་སུ་བཏང་བ་རེད། ལོ་3ནང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་དོས་དྲག་ཚན་ཁག་དང་། ནད་ལྕིའི་ཚན་ཁག ཟུངས་ཁྲག་སིམ་དབྱེའི་ལྟེ་གནས་སོགས་ཚན་ཁག་12གསར་དུ་བཙུགས་པ་རེད། སྙིང་དང་ཁྲག་རྩའི་ཁོག་ནད་ཚན་ཁག་དང་། བུད་མེད་ཚན་ཁག བྱིས་པའི་ཚན་ཁག་སོགས་ས་མཐོའི་ཁྱད་ཆོས་ལྡན་པའི་ཚན་ཁག་6གཙོ་གནད་ཐོག་བཙུགས་ཡོད་པ་རེད།

    “ཀ་པ་རིམ་པ་གསུམ་པའི”སྨན་ཁང་འཛུགས་སྐྲུན་གྱི་གཞི་ཁྱོན་དང་ཚད་གཞི་གཞིར་བཟུང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་རྒྱལ་ཁབ་ཀྱི་མ་འཇོག་དང་། བོད་སྐྱོར་མ་དངུལ་གྱི་རྒྱབ་སྐྱོར། རང་སྐྱོང་ལྗོངས་དང་གྲོང་ཁྱེར་ནོར་སྲིད་ཀྱི་མ་འཇོག་སོགས་ཐབས་ལམ་བརྒྱུད་མ་དངུལ་སྒོར་དུང་ཕྱུར་1.65གྲབས་གསོག་བྱས་ནས་སྨན་ཁང་གི་མཁྲེགས་ཆས་ཆ་རྐྱེན་ལེགས་སུ་བཏང་བ་རེད།

    དོ་དམ་འཐུས་སྒོ་ཚང་དུ་བཏང་ནས་སྨན་བཅོས་བོད་སྐྱོར་གྱི་རྣམ་པ་གསར་པ་བཏོད་པ།

    སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་བརྒྱུད་རིམ་ནང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་དོ་དམ་ལམ་ལུགས་གསར་གཏོད་བྱས་ཏེ་སྨན་བཅོས་ཞབས་ཞུའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད་པ་རེད།

    དེང་རབས་སྨན་ཁང་དོ་དམ་ལམ་ལུགས་ཀྱི་བླང་བྱར་ནན་པོར་གཞིགས་ནས་PDCAདོ་དམ་ལམ་ལུགས་བཟོས་ཏེ་སྲིད་འཛིན་དོ་དམ་དང་། སྨན་བཅོས་དོ་དམ། ནད་སྐྱོང་དོ་དམ། འཕྲལ་སྡོམ་སྔོན་ཇུས་སོགས་ཀྱི་རྣམ་གྲངས་330ཡི་སྒྲིག་སྲོལ་ལམ་ལུགས་ཁག་2204འཐུས་སྒོ་ཚང་དུ་བཏང་ནས་སྨན་བཅོས་ཀྱི་བརྒྱུད་རིམ་ཁག་དེ་བས་ཚད་ལྡན་ཡོང་བ་བྱས་པ་རེད།

    སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་མ་གཏིང་ཟབ་བཏང་ནས་དེ་སྔའི“ཁྲོ་ཁོག་ཆེན་པོའི་ཟས”བགོ་བཤའ་རྒྱག་པའི་རྣམ་པ་མེད་པ་བཟོས་ནས་རགས་ལས་རྣམ་པའི་དོ་དམ་ནས་ཞིབ་ཚགས་ཅན་གྱི་དོ་དམ་ཕྱོགས་སུ་འགྱུར་བ་བྱས་པ་རེད། སྨན་ཁང་གི་གོང་འོག་ཚང་མའི་ལས་ཀའི་ཧུར་སེམས་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ཡོད་པ་རེད།

    པེ་ཅིང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་པེ་ཅིང་དང་ལྷ་སའི་ལས་བྱེད་པའི་བདེ་སྲུང་དང་གཅོང་ནད་ཀྱི་ཐོགས་མེད་བགྲོད་ལམ་བཏོད་པས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་རེད།

    བོད་སྐྱོར་སྨན་བཅོས་རུ་ཁག་ལ་བརྟེན་ནས་པེ་ཅིང་གི་རོགས་སྐྱོར་ལ་མངགས་པའི་སྨན་ཁང་མང་པོའི་སྨན་བཅོས་ཐོན་ཁུངས་ལེགས་ཆར་ནང་འདྲེན་གྱིས་སྨན་ཁང་གི་ཚན་ཞིབ་དང་སློབ་ཁྲིད་ཆུ་ཚད་མཐོ་རུ་བཏང་ཡོད་པ་རེད། ལོ་3ནང་ཚན་ཞིབ་རྣམ་གྲངས་26འཛུགས་ཐུབ་པ་བྱུང་བ་དང་མ་དངུལ་སྒོར་ཁྲི་893.07ཆོག་མཆན་ཐོབ་ཡོད་པ་རེད། ས་གནས་དེ་གའི་སྨན་དོན་མི་སྣས་རིམ་པ་ཁག་དང་རིགས་ཁག་གི་དུས་དེབ་གཙོ་བོའི་ཐོག་བཀོད་པའི་དཔྱད་རྩོམ་2014ལོའི་12ནས་2017ལོའི་24བར་མང་དུ་ཕྱིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།