[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ལོ་གསུམ་རིང་ལེའོ་ཉིང་ཞིང་ཆེན་གྱི་བོད་སྐྱོར་དགེ་རྒན་ཝང་ལེའང་གིས་སློབ་ཁྲིད་ཀྱི་ཉམས་མྱོང་བཟང་པོ་བོད་ལ་སྤེལ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-29

    ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ནག་ཆུ་ས་ཁུལ་གྱིས“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་གྱི་ལས་དོན་ཕྱོགས་སྡོམ་དང་གཟེངས་བསྟོད་ཚོགས་ཆེན་ཐོག་བོད་སྐྱོར་དགེ་རྒན་86ལ་སློབ་གསོའི་བོད་སྐྱོར་ལས་བྱེད་པ་ཕུལ་བྱུང་དང་བོད་སྐྱོར་དགེ་རྒན་ཕུལ་བྱུང་གི་མཚན་སྙན་སྤྲད་པ་རེད། དགེ་རྒན་ཚོས་གཟེངས་རྟགས་ལེན་སྐབས་སྟེགས་བུའི་གཤམ་དུ་ཐལ་མོའི་རྡེབ་སྒྲ་ལྷང་ལྷང་དུ་གྲགས་ཤིང་། དེ་ནི་ནག་ཆུ་ས་ཁུལ་གྱི་དགེ་སློབ་རྣམས་ཀྱིས་བོད་སྐྱོར་དགེ་རྒན་ཚོར་བཀྲ་ཤིས་བདེ་ལེགས་ཞུས་པ་ཞིག་ཡིན་ལ་ཁོང་རྣམ་པ་ཚོར་ཐུགས་རྗེ་ཆེ་ཞུས་པ་ཞིག་དེ་བས་ཀྱང་རེད། ཡིན་ནའང་ཁོང་ཚོས་བོད་སྐྱོར་ལས་ཀ་བྱེད་རིང་འགན་འཁྲི་ཕྲག་ཏུ་འཁུར་བ་དང་། དཀའ་སྤྱད་ཀྱི་རྔུལ་ཆུ་འདོན་པ། བརྒྱུད་པའི་མྱོང་ཚོར་ཟབ་མོ་དག་གཟེངས་བསྟོད་ཆུང་ངུ་ཞིག་གིས་ཡོངས་སུ་མཚོན་ཐུབ་པ་ཞིག་ག་ལ་ཡིན།

    ན་ནིང་ནས་བཟུང་། སློབ་གསོ་པུའི་བཀོད་སྒྲིག་འོག་ཕུལ་བྱུང་དགེ་རྒན་800ལས་གྲུབ་པའི་ཚོགས་པས་གཅིག་སྡུད་ཐོག་བོད་ལ་ཁ་གཏད་རོགས་སྐྱོར་བྱས་ཡོད། ལེའོ་ཉིང་ཞིང་ཆེན་ཏ་ལན་གྲོང་ཁྱེར་ཝ་ཧྥང་ཏན་གྲོང་ཁྱེར་གྱི་སློབ་འབྲིང་ཨང་སོ་གཅིག་པའི་དགེ་རྒན་ཝང་ལེའང་ནི་ཁོང་ཚོའི་ཁྲོད་ཀྱི་གཅིག་ཡིན་ཞིང་། 2016ལོའི་ཟླ་8ཚེས་15ཉིན་ཝང་ལེའང་ལམ་ཐག་སྤྱི་ལེ་སྟོང་ཕྲག་ཁ་ཤས་ཆོད་པའི་བོད་སྐྱོར་ལམ་དུ་ཆས་པ་དང་། བོད་སྐྱོར་ལ་འགྲོ་དགོས་པའི་ལས་འགན་འབྱོར་སྐབས་ཝང་ལེའང་ཧ་ཅང་དགའ་པོ་བྱུང་ནས་གནས་ཚུལ་དེ་རང་ཉིད་ཀྱི་བཟའ་ཟླར་བཤད་པ་དང་བཟའ་ཟླས་རྒྱབ་སྐྱོར་གང་ལེགས་བྱས་ཀྱང་། དགུང་ལོ་མཐོ་བའི་མ་རྒན་བློ་ལ་འཁོར་སྐབས་ཝང་ལེའང་གི་སེམས་ནང་ཨ་མས་སེམས་ཁྲལ་བྱེད་པར་དོགས་ཏེ་ཕྱིར་སློབ་སྦྱོང་བྱེད་པར་འགྲོ་དགོས་པ་ཙམ་ལས་བོད་ལ་ཕྱིན་ནས་ལོ་མཇུག་མ་གཏོགས་ལོག་རྒྱུ་མེད་པའི་སྐོར་བཤད་མེད།

    ཝང་ལེའང་འགྲོ་སའི་གནས་གཏན་འཁེལ་གྱི་བོད་སྐྱོར་བྱ་ཡུལ་ནི་ལྷ་སའི་ནག་ཆུ་མཐོ་རིམ་སློབ་འབྲིང་གཉིས་པ་ཡིན་པ་དང་། ཁོང་དེར་སླེབས་ནས་མཐོ་རིམ་ལོ་རིམ་གཉིས་པའི་འཛིན་གྲྭ་བདུན་པ་དང་བརྒྱད་པའི་དངོས་ཁམས་དགེ་རྒན་ཞིག་བྱས། ཝང་ལེའང་དང་མཉམ་དུ་ལྷ་སའི་ནག་ཆུ་མཐོ་རིམ་སློབ་འབྲིང་གཉིས་པར་ཡོང་བའི་བོད་སྐྱོར་དགེ་རྒན་ཁྱོན་45ཡོད་པ་དང་དེ་དག་གི་ཆ་སྙོམས་སློབ་ཁྲིད་ལོ་ཚད་ལོ་18ཙམ་རེད།

    ནག་ཆུར་སླེབས་ནས་ཟླ་བ་ཁ་ཤས་རྗེས་ཝང་ལེའང་གིས་རང་ཉིད་བོད་སྐྱོར་ལ་ཕྱིན་པའི་གནས་ཚུལ་ཨ་མར་མུ་མཐུད་གསང་ཐུབ་མེད་པས་ཉིན་ལྟར་ཁོང་གིས་ཨ་མར་ཁ་པར་བརྒྱབ་ནས་རང་ཉིད་བདེ་ཐང་ཡིན་ལུགས་བརྗོད་ཀྱི་ཡོད། ཁོང་གིས་སྤུན་ཉེའི་ས་ནས། རང་ཉིད་ཀྱིས་བོད་སྐྱོར་ལས་ལ་གཞོལ་བ་ནི་ཨ་མས་སྤོབས་པར་བརྩི་བཞིན་ཡོད་པ་ཤེས།

    སྟབས་མི་ལེགས་པ་ཞིག་ལ། 2017ལོའི་ཟླ་4པར་ཝང་ལེའང་གི་ཨ་མར་མཆིན་པའི་སྐྲན་ནད་དང་རྒྱུ་མའི་སྐྲན་ནད་ཕོག་ནས་དུས་ཚོད་རིང་པོ་འཁྱོལ་ཐབས་བྲལ་བ་ཤེས་འཕྲལ་ཐག་རིང་བོད་དུ་ཡོད་པའི་ཝང་ལེའང་གི་སེམས་པ་འཚབ་འཚུབ་ཏུ་གྱུར་མོད། ཡིན་ནའང་སློབ་གྲྭའི་ལས་ཀ་མང་བ་དང་དགེ་རྒན་རེས་སློབ་ཁྲིད་རེ་བྱེད་དགོས་སྟབས་རང་འགན་འཁུར་དགོས་པར་བསམ་ནས་ཝང་ལེའང་གིས་དགོངས་ཞུ་བྱས་ཏེ་ལམ་སེང་ནང་དུ་ལོག་རྒྱུའི་བསམ་བློ་བཏང་མེད། “ཨ་མས་ང་རང་དྲན་དུས་དང་། ང་རང་དགོས་གལ་ཆེ་ཤོས་སྐབས་སུ། ང་ཨ་མའི་འགྲམ་དུ་སླེབས་ཐུབ་མ་སོང་། གང་ལགས་ཤེ་ན། རང་ཉིད་ཀྱི་ཕྲག་ཐོག་ལ་སློབ་མ་ཚོར་བཅངས་པའི་འགན་འཁྲི་ལྕི་པོ་དེ་ཡོད་པས་ཡིན། རྗེས་སུ་ནང་མིས་ང་ལ་ཨ་མ་ཡུན་རིང་པོ་སྡོད་ཐུབ་པ་མི་འདུག་ཅེས་བཤད་དུས། དེ་མ་ཐག་ང་སྒུག་མི་ཐུབ་པར་ལས་ཀ་ཚང་མ་བཞག་ནས་ཕ་ཡུལ་ལ་ལོག་པ་ཡིན། ངར་ཨ་མ་ཐུག་པའི་སྐབས། ཁོང་རིག་པ་འཆོལ་ནས་ང་ངོ་ཤེས་ཀྱི་མི་འདུག ”ཅེས་ཝང་ལེའང་གིས་བཤད་མཚམས་སུ་ཁོང་མིག་ཆུ་རང་དབང་མེད་པར་ཤོར་སོང་། གསར་འགོད་པས་ཝང་ལེའང་ལ་བོད་དུ་ཡོང་བར་འགྱོད་པ་སྐྱེ་གི་འདུག་གམ་ཞེས་འདྲི་སྐབས། ཝང་ལེའང་གིས“ང་འགྱོད་པ་གཏན་ནས་སྐྱེ་གི་མི་འདུག གང་ལགས་ཤེ་ན། ཡུལ་དེ་གའི་སློབ་མ་རྣམས་ལ་ང་དགོས་གལ་ཆེ་ལ། ངའི་ནང་མི་རྣམས་ཀྱིས་ཀྱང་ང་ལ་རྒྱབ་སྐྱོར་བྱས་པས་ཡིན”ཞེས་བཤད།

    ཝང་ལེའང་ནི་དགེ་རྒན་ཞིག་ཡིན་པ་ཕུད། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་ལན་ཆིའུ་སྤོ་ལོའི་ཤན་འབྱེད་པ་ཞིག་ཀྱང་རེད། དེ་དུས་སློབ་གྲྭར་ལུས་རྩལ་དགེ་རྒན་ཉུང་བ་དང་ཝང་ལེའང་ལ་ལུས་རྩལ་ཐད་དམིགས་བསལ་གྱི་ཁྱད་ཆོས་ཡོད་པར་བརྟེན། སློབ་གྲྭའི་འགོ་ཁྲིད་ཀྱི་བཀོད་སྒྲིག་འོག་ཁོང་གིས་ལུས་རྩལ་སློབ་ཁྲིད་ཀྱི་འགན་ཁུར་བ་རེད། “ལོ་གསུམ་གྱི་བོད་སྐྱོར་རིང་ང་ཚོས་ཕྲུ་གུ་ཚོར་ནང་སའི་སྔོན་ཐོན་སློབ་ཁྲིད་ཀྱི་འདུ་ཤེས་དང་སློབ་ཁྲིད་ཀྱི་ཉམས་མྱོང་སྦ་གསང་མེད་པར་བསླབས་པ་མ་ཟད། ང་ཚོས་བོད་ནས་སློབ་སྦྱོང་བྱེད་འོས་པ་དག་ཀྱང་ལེའོ་ཉིང་ལ་དར་སྤེལ་གཏོང་རྒྱུ་ཡིན”ཞེས་ཝང་ལེའང་གིས་བཤད་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།