[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • “ཉི་མ་མེ་ཏོག་འཆར་གཞིས”བོད་ཀྱི་གཟའ་གྲིབ་ཕོག་པའི་བྱིས་པར་རོགས་སྐྱོབ་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-12

    གསར་འགོད་པར་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། བོད་ཀྱི་གཟའ་གྲིབ་ཕོག་པའི་བྱིས་པར་རོགས་སྐྱོབ་བྱ་རྒྱུ་དམིགས་ཡུལ་དུ་བཟུང་བའི“ཉི་མ་མེ་ཏོག་འཆར་གཞིས”བོད་ཀྱི་གཟའ་གྲིབ་ཕོག་པའི་བྱིས་པ་500ལྷག་ཙམ་ལ་བརྟག་དཔྱད་བྱས་པ་ལས་བྱིས་པ་46ལ་སྨན་བཅོས་ནུས་ལྡན་བྱས་པར་ཁོང་ཚོའི་ཁྱིམ་ཚང་གི་དགའ་བསུ་ཐོབ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ཉི་མ་མེ་ཏོག་འཆར་གཞི”—— གཟའ་གྲིབ་ཕོག་པའི་བྱིས་པར་རོགས་སྐྱོབ་བྱེད་པའི(བོད་ལྗོངས)རྣམ་གྲངས་ནི་འདི་ལོའི་ཟླ་དྲུག་པར་ལྷ་སར་སྤེལ་འགོ་ཚུགས་ཤིང་། མིག་སྔའི་བར། གཟའ་གྲིབ་ཕོག་པའི་བྱིས་པར་བརྟག་དཔྱད་བྱེད་པའི་ལས་དོན་ཁག་གསུམ་སྔ་རྗེས་སུ་སྤེལ་ཞིང་། གཟའ་གྲིབ་ཕོག་པའི་བྱིས་པ་དེ་དག་ནི་ལྷ་ས་དང་། ཆབ་མདོ། ནག་ཆུ། གཞིས་རྩེ། ཉིང་ཁྲི་སོགས་ནས་ཡིན་པ་རེད།

    རྣམ་གྲངས་འདི་ནི་པེ་ཅིང་གྲོང་ཁྱེར་བོད་སྐྱོར་བཀོད་འདོམས་པུའུ་དང་། པེ་ཅིང་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པ། པེ་ཅིང་ཨེའར་སྤྱི་ཕན་ཐེབས་རྩ་ཚོགས་པ་བཅས་ཀྱིས་མཉམ་དུ་འཆར་འགོད་ལག་བསྟར་བྱས་པ་ཞིག་ཡིན་ལ། དེའི་དམིགས་ཡུལ་ནི། གཟའ་གྲིབ་ཕོག་པའི་བྱིས་པའི་ཁྱིམ་ཚང་གི་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་ཡང་དུ་བཏང་ནས། ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པ་དང་ནད་གཞིས་རྐྱེན་པས་བསྐྱར་དུ་དབུལ་པོར་གྱུར་པའི་གནད་དོན་ཞི་ལྷོད་དུ་གཏོང་ཆེད་ཡིན་པ་རེད།

    ལོ་དྲུག་ལ་སླེབས་པའི་གཟའ་གྲིབ་ཕོག་པའི་བྱིས་པ་ཚེ་རིང་གཡང་མཚོ་དེ་སྔོན་ཁྱིམ་ཚང་གི་ཆ་རྐྱེན་དང་ས་གནས་དེ་གའི་སྨན་བཅོས་ཆུ་ཚད་ཀྱི་རྐྱེན་པས་སྨན་བཅོས་ནུས་ལྡན་ཐུབ་མེད། འདི་ལོའི་ཟླ་བརྒྱད་པར། པེ་ཅིང་ཀྲུང་རི་མཛའ་གྲོགས་སྨན་ཁང་གི་རིགས་གཅིག་མཁས་ཅན་གྱིས་སྨན་བཅོས་དང་དྲག་སྐྱེད་སྦྱོང་བརྡར་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཚེ་རིང་གཡང་མཚོའི་རྨོ་བོ་བསོད་ནམས་ཆོས་འཛོམས་ཀྱིས“སྲིད་གཞུང་དང་གཅེས་སེམས་རྩ་འཛུགས་ཀྱིས་གོ་སྐབས་ཡག་པོ་འདི་འདྲ་མཁོ་འདོན་བྱས་ནས་ངའི་ཁྱིམ་གྱི་ཁུར་པོ་ཡང་དུ་བཏང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བརྗོད་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་གསལ། མིག་སྔར་གཟའ་གྲིབ་ཕོག་པའི་བྱིས་པའི་སྨན་བཅོས་དང་དྲག་སྐྱེད་སྦྱོང་བརྡར་གྱི་གྲོན་དངུལ་སྤྱིར་ན་ཁྲི་6ཡས་མས་ཡིན་ལ། ཨེ་འར་སྤྱི་ཕན་ཐེབས་རྩ་ཚོགས་པས་གཟའ་གྲིབ་ཕོག་པའི་བྱིས་པ་རེར་སྒོར་ཁྲི་5རེ་མཁོ་འདོན་བྱེད་ཀྱི་ཡོད། ཨེའར་སྤྱི་ཕན་ཐེབས་རྩ་ཚོགས་པས་ལོ་ལྟར་བོད་ལ་སྒོར་ཁྲི་500བཏང་ནས་གཟའ་གྲིབ་ཕོག་པའི་བྱིས་པ་100ལ་རོགས་སྐྱོབ་བྱ་རྒྱུ་ཡིན་པ་རེད།

    ཨེའར་སྤྱི་ཕན་ཐེབས་རྩ་ཚོགས་པ་ནི་ཀྲུང་གོའི་ཧྲི་ཀྲང་མཐུན་ཚོགས་དང་མཁྱེན་ལྡན་མ་ཐའོ་སི་ལེའང་གིས་མཉམ་དུ་གྲོས་འགོ་བཏོན་ནས་བཙུགས་པའི་ཆེད་ལས་དགེ་སྒྲུབ་རྩ་འཛུགས་ཤིག་ཡིན་ཞིང་། དེས“དགེ་སྒྲུབ་དར་སྤེལ་བཏང་ནས་དབུལ་སྐྱོར་དཀའ་སེལ་དང་། དབང་པོ་སྐྱོན་ཅན་དང་སློབ་མར་རོགས་སྐྱོར་བྱ་རྒྱུ”དམིགས་ཡུལ་དུ་བཟུང་ནས། མིག་སྔར་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པ་དང་། སློབ་མར་རོགས་སྐྱོར་བྱེད་པ། བདེ་ཐང་བཅས་ཁྱབ་ཁོངས་ཆེན་པོ་གསུམ་དུ་སྤྱི་ཕན་དགེ་སྒྲུབ་རྣམ་གྲངས་མང་པོ་སྤེལ་གྱི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།