[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • པེ་ཅིང་བོད་སྐྱོར་ལས་བྱེད་པའི“དུས་ཆེན་གཉིས”

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-10

    ཟླ་10ཚེས་4ཉིན་གྱི་ཟླ་མཆོད་དུས་ཆེན་ནི་ཁྱིམ་མི་ཚང་མ་མཉམ་འཛོམས་བྱེད་པའི་དུས་ཡིན། དེ་ཉིན་པེ་ཅིང་བོད་སྐྱོར་ལས་བྱེད་པ་ཐང་པིན་པིན་ཞོགས་སྔ་ལངས་ཀྱིས་ཁང་པའི་ནང་བསྡུ་གསོག་བརྒྱབ་པ་དང་ལག་རྟགས་གྲ་སྒྲིག་བྱས་ཏེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཐལ་སྤུངས་སྒང་སྡེ་ཁུལ་དུ་དེ་གའི་ལས་བྱེད་པ་དང་མང་ཚོགས་མཉམ་དུ་ཟླ་མཆོད་དུས་ཆེན་གཏོང་བར་བསྐྱོད། དེ་ནི་ཁོང་གིས་ལྷ་སར་ཟླ་མཆོད་དུས་ཆེན་གཏོང་ཐེངས་གཉིས་པ་ཡིན་པ་རེད།

    ན་ནིང་ཟླ་བདུན་པར་ཐང་པིན་པིན་ལྷ་སར་སླེབས་ནས་བོད་སྐྱོར་ལས་དོན་བྱེད་འགོ་བརྩམས། ཁོང་གིས“དུས་ཆེན་གཏོང་རིམ་བཞིན་གཉེན་ཉེ་ལྷག་པར་དྲན། ད་རེས་ཀྱང་ནང་མི་སྤུན་མཆེད་ལྷག་པར་དྲན། ཡིན་ནའང་ལས་རོགས་དང་མང་ཚོགས་ཀྱིས་ལྷ་སར་ཁྱིམ་དུ་སླེབས་པ་ལྟ་བུའི་ཚོར་སྣང་སྤྲད་བྱུང་། འདི་ལོའི་ཟླ་མཆོད་དུས་ཆེན་ང་རང་ཐལ་སྤུངས་སྒང་སྡེ་ཁུལ་གྱི་གྲོང་མི་དང་མཉམ་དུ་གཏོང་གི་ཡིན། ངས་ལག་རྟགས་འགའ་གྲ་སྒྲིག་བྱས་པ་ཁོང་ཚོར་སྤྲད་པ་དང་ཆབས་ཅིག་སྨོན་འདུན་ཞུས་ནས་མཉམ་དུ་ཟླ་མཆོད་བག་ལེབ་བཟའ་བ་དང་ལྒང་བཞུའི་གབ་ལན་འཚོལ་རྒྱུ་ཡིན་པས། དེ་དུས་བྱེད་སྒོ་འཁྲུག་ཆ་དོད་ལ་དུས་ཆེན་གྱི་རྣམ་པ་ཟབ་མོ་ཡོང་ངེས་རེད”ཅེས་དགའ་སྤྲོའི་ངང་བཤད།

    དུས་ཆེན་གོང་ཐང་པིན་པིན་གྱིས་དོག་སྡེ་ཤང་འོད་པ་གྲོང་ཚོའི་ཡུལ་མི་ཉི་མ་ཚེ་རིང་ཁྱིམ་ལ་ལྟ་བར་ཕྱིན། ཉི་མ་ཚེ་རིང་ནི་ཐང་པིན་པིན་གྱི་ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་ཞིག་ཡིན། རོགས་པ་རྒྱུན་མཐུད་བྱས་པར་བརྟེན་ད་ཆ་ཉི་མ་ཚེ་རིང་ཁྱིམ་གྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ཐང་པིན་པིན་གྱིས་ཉི་མ་ཚེ་རིང་ལ་ཕྲུ་གུ་ཆུང་ཆུང་གཉིས་ཡོད། ཁོང་ནི་རྡོ་བཟོ་བ་ཡིན་པས་ལས་ཀར་ཉེན་ཁ་ཡོད་ལ་ཡོང་འབབ་ཀྱང་དེ་ཙམ་མང་པོ་མེད། བཟའ་ཟླ་ལྷག་པ་བུ་ཁྲིད་ལ་ལས་ཀ་མེད་ཀྱང་། གྲོང་ཚོ་ཨུ་ལྷན་ལ་མཐུན་སྦྱོར་བྱས་པ་བརྒྱུད་ཁོང་ཚོས་ལྷག་པ་བུ་ཁྲིད་ལ་ལས་ཀ་འོས་འཚམ་ཞིག་བཙལ་ཏེ་ཁྱིམ་གྱི་ཕྲུ་གུར་ལྟ་རྟོག་ཐུབ་པའི་ཞོར་ལ་ཡོང་འབབ་ཀྱང་ཡོད་པ་བྱེད་བཞིན་ཡོད་ཅེས་བཤད།

    ཐང་པིན་པིན་དང་འདྲ་བའི་པེ་ཅིང་ནས་ཡོང་བའི་བོད་སྐྱོར་ལས་བྱེད་པ་182ཀྱིས་རང་སོའི་ལས་གནས་བརྟན་སྲུང་ཐོག་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་ཏེ་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ལ་རང་ནུས་ཅི་ཡོད་བཏོན་ནས་ལས་བཀུར་ལེགས་འབུལ་གྱི་སྙིང་སྟོབས་ཤིག་མངོན་བཞིན་ཡོད།

    “དུས་ཆེན་གཉིས”རིང་། ད་དུང་པེ་ཅིང་བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པའི་ཀྲི་པུའུ་བདུན་པའི་བློ་མཐུན་བརྒྱད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་ནུས་ཤུགས་ཡོད་རྒུ་འདོན་གྱི་ཡོད། ཁོང་ཚོའི་རོགས་སྐྱོར་བྱ་ཡུལ་ནི་ལྷ་ས་གྲོང་ཁྱེར་གྱི་སྙེ་མོ་རྫོང་ཡིན། དེར་ཆ་རྐྱེན་ཡག་པོ་མེད་པས་དཀའ་ཚེགས་ཆེ་བའི་ཁར་དཔལ་འབྱོར་གྱི་རྨང་གཞི་ཞན་པ་དང་རྨང་གཞིའི་སྒྲིག་བཀོད་ཀྱང་ཅུང་རྗེས་སུ་ལུས་པའི་ཤིན་ཏུ་དབུལ་བའི་རྫོང་ཞིག་ཡིན་ལ། བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་དབུལ་སྐྱོར་གསར་སྤེལ་ལས་དོན་སྤེལ་ཡུལ་གྱི་གཙོ་གནད་རྫོང་ཞིག་ཀྱང་རེད།

    ཟླ་10ཚེས་4ཉིན་ཀྲི་པུའུ་བདུན་པའི་བློ་མཐུན་གྱིས་རྫོང་སྨན་རྩིས་ཁང་གི་སྨན་པ་སྒྲིག་འཛུགས་བྱས་ནས་ཆ་སྒྲིག་དུད་ཁྱིམ་ལ་འཚམས་འདྲི་བྱས་ཤིང་། ཕྱོགས་གཅིག་ནས་དུས་ཆེན་གྱི་འཚམས་འདྲི་ཞུས་ཏེ་སྨན་པས་ཁོང་ཚོར་རིན་པ་མེད་པར་གཟུགས་པོ་བརྟག་དཔྱད་བྱེད་དུ་བཅུག་པ་དང་། ཕྱོགས་གཞན་ཞིག་ནས་ཆ་སྒྲིག་དུད་ཁྱིམ་དང་ཅི་འཕྲོས་མོལ་འཕྲོས་བྱས་ནས་ཉེ་དུས་ཀྱི་ཁོང་ཚོའི་ཐོན་སྐྱེད་གནས་ཚུལ་ཤེས་རྟོགས་ཀྱང་བྱས་པ་རེད།

    ཆ་སྒྲིག་དུད་ཁྱིམ་ཀརྨ་བཟང་མོས་ཞོགས་སྔ་པོ་ནས་བཟོས་པའི་ཇ་བསྲུབས་མ་སེམས་རྩ་འཁོལ་པོས་བོད་སྐྱོར་ལས་བྱེད་པ་དང་སྨན་པར་བླུགས་པ་མ་ཟད་བྱི་རིལ་དང་ཤ་སྐམ་པོ་ཡང་བཏང་ཞིང་། བོད་སྐྱོར་ལས་བྱེད་པས་གྲ་སྒྲིག་བྱས་པའི་འབྲས་དང་། ཇ་བག་ཆུང་། བཟའ་སྣུམ་སོགས་དུས་ཆེན་གྱི་ལག་རྟགས་ཀརྨ་བཟང་མོའི་ཁྱིམ་ལ་བསྐྱལ།

    ཀརྨ་བཟང་མོས“བོད་སྐྱོར་ལས་བྱེད་པས་ཆ་སྒྲིག་རོགས་སྐྱོར་བྱས་པ་བརྒྱུད་ངའི་ཁྱིམ་གྱི་འཚོ་བ་ཇེ་ཡག་ཏུ་གྱུར་སོང་། ཁོང་ཚོས་རང་ཁྱིམ་གྱི་སྒོ་ཕྱུགས་ཐོན་ཟོག་བཙོང་རྒྱུར་ཐབས་དང་ཇུས་བཏོན་པ་དང་དུས་རྟག་ཏུ་ང་ཚོར་ལྟ་བར་ཡོང་ནས་བདེ་སྡུག་དྲི་ནས་ཁྱིམ་གཅིག་ལྟར་བྱེད་ཀྱི་ཡོད”གསར་འགོད་པར་བཤད་བྱུང་།

    སྐལ་བཟང་གཡུ་སྒྲོན་ཁྱིམ་དུ་ཀྲི་པུའི་ཁོངས་མི་དང་ཤང་གི་ལས་བྱེད་པས་ཁོང་གི་ཁྱིམ་དབུལ་པོའི་གནས་ལས་ཇི་ལྟར་སྒྲོལ་བའི་ཐབས་ཤེས་ཐད་གྲོས་བྱས་ཤིང་། སྐལ་བཟང་གཡུ་སྒྲོན་ལ་ཕྲུ་གུ་གསུམ་ཡོད་པ་དང་། ཁྱིམ་གྱི་འགན་ཚང་མ་ཁོང་རང་གཅིག་པུས་འཁུར་བའི་ཁར་ལག་རྩལ་སྣ་གཅིག་ཤེས་ཀྱི་མེད་པས་འདི་ལོའི་དབུལ་སྒྲོལ་ལས་འགན་ལྕི་ཞིང་། ཀྲི་པུས་དེ་སྔོན་ཁོང་ཀུང་སི་ཞིག་ཏུ་ལས་ཀ་བཙལ་ཡང་། ལས་ཀར་འགྲོ་སའི་ལམ་ཐག་རིང་བ་དང་ཕྲུ་གུར་ལྟ་སྐྱོང་བྱ་རྒྱུར་ཡང་སྟབས་མི་བདེ་བས་ཕན་པ་དེ་ཙམ་ཐོན་མེད། སྐལ་བཟང་གཡུ་སྒྲོན་གྱི་ཁྱིམ་དུས་བཀག་བཞིན་དབུལ་སྒྲོལ་ཐུབ་ཕྱིར་ཀྲི་པུའི་ཁོངས་མིས་དཀའ་བ་མང་པོ་སྤྱད་དེ་ཤང་ནང་ཁོང་ལ་ལས་ཀ་འཚམ་པ་ཞིག་བཙལ་ནས་ལས་ཞུགས་ལ་བརྟེན་ཏེ་དབུལ་སྒྲོལ་དང་འབྱོར་འབྲིང་ལ་སླེབས་རྒྱུའི་འཆར་གཞི་བཀོད་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།