[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཧྲང་ཧའེ་ཧྭ་ཧྲན་སྨན་ཁང་གིས“གཏན་འཇགས”ཀྱི་བོད་སྐྱོར་སྨན་བཅོས་རུ་ཁག་ཅིག་བཙུགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ཤོལ་ཝུན་ཤན་དང་ཝང་ཆིན་ཨའུ།    |    སྤེལ་དུས།   2017-09-01

    རྒྱལ་མོ་རྔུལ་ཆུ་རྒྱུག་ཁུལ་དུ་གནས་པའི་བོད་ལྗོངས་ལྷོ་རོང་རྫོང་མི་དམངས་སྨན་ཁང་དུ་ཧྲང་ཧའེ་ཧྥུའུ་ཏན་སློབ་ཆེན་ཞོར་གཏོགས་ཧྭ་ཧྲན་སྨན་ཁང་གིས་སྔ་རྗེས་སུ་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་གསུམ་མངགས་ཏེ་ནད་ཐོག་སྨན་བཅོས་དང་། སློབ་ཁྲིད། དོ་དམ་སོགས་ཐད་ནས་འགོ་བཙུགས་ཏེ་ས་གནས་དེ་གའི་སྨན་དོན་པར་སྐྱོབ་བཅོས་དང་། དོ་དམ། ཞབས་ཞུའི་ཆུ་ཚད་བཅས་མཐོ་རུ་གཏོང་རོགས་བྱས་པ་མ་ཟད། “གཏན་འཇགས”ཀྱི་སྨན་བཅོས་རུ་ཁག་ཅིག་ཀྱང་བཙུགས་པ་རེད།

    འདི་ལོའི་ཟླ་3ཚེས་16ཉིན་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་གཉིས་པའི་རུ་མི་5ལྷོ་རོང་དུ་འབྱོར་བ་དང་། ཁོང་ཚོ་ནི་འགུལ་སྐྱོད་གསོ་རིག་ཚན་ཁག་གི་ཝུའུ་ཙེ་དབྱིང(རུ་དཔོན)དང་། ཀླད་ནད་ཕྱི་བཅོས་ཚན་ཁག་གི་ཧྭ་ཝུའེ། གཤགས་བཅོས་ཕྱི་བཅོས་ཚན་ཁག་གི་ཧན་ཏུང་། སྨན་སྦྱོར་ཚན་ཁག་གི་ཝང་དབྱི། གློག་པར་ཚན་ཁག་གི་ཁུང་གཡེན་གཡེན་བཅས་ཡིན་པ་རེད། ངལ་གསོ་ཕྲན་བུ་བརྒྱབ་རྗེས། ཁོང་ཚོས་རེས་སྐོར་བཞིན་སྒོ་བསྟེན་སྨན་བཅོས་བྱེད་འགོ་ཚུགས་ནས་སྐབས་འཕྲལ་དུ་ཚབས་ཆེན་ནམ་དམིགས་བསལ་གྱི་ནད་པ་སྐྱོབ་བཅོས་བྱས་ཏེ་མཉམ་སྡེབ་གསར་པའི་ནང་འདྲེས་པར་བྱས།

    མཉམ་གཤིབ་བྱེད་རིང་། ས་གནས་དེ་གའི་སྨན་པས“རྒན་ལགས། ཁྱེད་རྣམ་པ་ཡོད་དུས་ང་ཚོས་ནད་པ་གང་རུང་ལ་སྨན་བཅོས་བྱེད་དགོས་ཀྱང་ཞེད་སྣང་མི་འདུག ཁྱེད་རྣམ་པ་མེད་ཚེ་གདེང་ཚོད་དེ་ཙམ་མི་འདུག”ཅེས་བཤད་པ་སྨན་བཅོས་རུ་ཁག་གི་རིགས་གཅིག་མཁས་ཅན་ཚོས་ཐོས།

    ས་གནས་དེ་གའི་སྨན་དོན་པའི་སྨན་བཅོས་ཆུ་ཚད་མཐོ་རུ་བཏང་སྟེ་ལྷོ་རོང་དུ“གཏན་འཇགས”ཀྱི་སྨན་བཅོས་རུ་ཁག་ཅིག་ཇི་ལྟར་བྱས་ནས་འཛུགས་དགོས་པའི་ཐད་སྨན་བཅོས་རུ་ཁག་གིས་ཐབས་ཤེས་མང་པོ་བཏང་བ་སྟེ། དེ་སྔོན་སྐྱོབ་བཅོས་བྱ་ཐབས་མེད་པའི་ཚབས་ཆེའི་ནད་པ་དང་དོས་དྲག་ནད་པར་དམིགས་ཏེ་སྨན་ཁང་ལ་འབྲེལ་ཡོད་ཚན་ཁག་འཛུགས་རོགས་དང་རིམ་སྤོར་བྱེད་རོགས་བྱེད་པ་དང་། “བརྒྱུད་རོགས་ཁྲིད”གསུམ་གྱི་ལམ་ལུགས་བཙུགས་ནས་ས་གནས་དེ་གའི་སྨན་བཅོས་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་བྱེད་པ། ཧྭ་ཧྲན་སྨན་ཁང་གི་སྔོན་ཐོན་དོ་དམ་བྱ་ཐབས་གསར་གཏོད་རང་བཞིན་སྒོ་ནས་ལྷོ་རོང་དུ་ཁྱེར་ཡོང་སྟེ་དེང་རབས་སྨན་བཅོས་དོ་དམ་ལམ་ལུགས་རིམ་བཞིན་འཛུགས་པ་སོགས་རེད།

    མངོན་གསལ་མེད་པར་འགྱུར་ལྡོག་མང་པོ་བྱུང་ཞིང་། སྨན་བཅོས་རུ་ཁག་གི་རིགས་གཅིག་མཁས་ཅན་གྱི་སྣེ་ཁྲིད་འོག ལྷོ་རོང་རྫོང་སྨན་ཁང་དུ་ཨང་དང་པོ་ཐེངས་མང་མངོན་འགྱུར་བྱུང་བ་སྟེ། རྐང་པའི་ཁྲག་རྩར་Bསྒྲ་རླབས་བརྒྱབ་ནས་ཁྲག་རྩའི་ནང་ཁྲག་རྡོག་འདྲིལ་ཡོད་མེད་ལྟ་བཤེར་བྱེད་ཐེངས་དང་པོ་དང་། གསོ་རླུང་ཁང་ཆེས་ཆུང་གྲས་ནང་དོས་དྲག་གི་ལ་དུག་ནད་བཅོས་ཐེངས་དང་པོ། ཆ་ཤས་བཏུམས་ནས་མཁྲིག་ཚིགས་ན་ཟུག་བཅོས་ཐེངས་དང་པོ་སོགས་དེ་སྔོན་བཅོས་ཐབས་བྲལ་བའི་སྨན་བཅོས་བྱེད་ཐབས་མང་པོ་ལེགས་གྲུབ་བྱུང་ནས་ཞིང་འབྲོག་པ་མང་པོར་ས་གནས་དེ་ག་ནས་སྨན་བཅོས་ཐུབ་ནས་ལམ་ཐག་རིང་སར་སྨན་བཅོས་སུ་སྐྱོད་མི་དགོས་པ་བྱུང་བ་རེད།

    གཟར་འཁོར་རེའི་ནད་ཐོག་སྨན་བཅོས་ཀྱི་གསོ་སྦྱོང་སྤྱད་ནས་སྨན་བཅོས་རུ་ཁག་གི་ཁོངས་མིས་སྣེ་འཁྲིད་དེ་སློབ་ཚན་ཁྲིད་པ་མ་ཟད། ད་དུང་ས་གནས་དེ་གའི་སྨན་པས་སློབ་ཚན་ཁྲིད་དགོས་པའི་སྐུལ་ལྕག་དང་སྐུལ་ཁྲིད་བྱས་ཏེ་སློབ་སྦྱོང་གི་རྣམ་པ་ཟབ་མོ་ཞིག་ཆགས་པ་རེད། སློབ་ཚན་ཁྲིད་པའི་བརྒྱུད་རིམ་ནང་། ས་གནས་དེ་གའི་སྨན་པས་རང་འགུལ་ངང་སློབ་ཁྲིད་ཀྱི“དམིགས་བསལ་མོ་ཊོལ”བྱས་ནས་ལས་རོགས་ཚོ་རང་གི་ལུས་པོར་ལད་ཟློས་བཀོལ་སྤྱོད་བྱེད་དུ་འཇུག་གི་ཡོད་པ་རེད།

    བོད་སྐྱོར་རིགས་གཅིག་མཁས་ཅན་ཚོས་གོ་སྐབས་སྣ་ཚོགས་སྤྱད་ནས་ཧུར་བརྩོན་ཆེན་པོས་བརྒྱུད་རོགས་ཁྲིད་གསུམ་བྱས་ཤིང་། ཧྭ་ཝུའེ་ཡིས་མོ་ནད་ཕྱི་བཅོས་ཚན་ཁག་གི་སྨན་པ་ཀརྨ་སྟོབས་རྒྱལ་ལ་མདུད་པ་རྒྱག་སྟངས་དམར་ཁྲིད་བྱས་པ་དང་། སྨན་པ་ཚེ་ལྷར་ཕོ་སྦུག་འཇུག་སྟངས་སློབ་པ། སྨན་གཡོག་ཚོར་ཁ་མིད་ཀྱི་དབུགས་བཤངས་སྟངས་སློབ་པ་བཅས་ཀྱི་ལག་རྩལ་ཆུང་ངུ་དེ་དག་སྤྱོད་སྒོ་ཧ་ཅང་ཆོད་པོ་ཡོད་པས་ས་གནས་དེ་གའི་སྨན་པས་ཤེས་རྗེས་ལམ་སེང་ནད་ཐོག་སྨན་བཅོས་ཐོག་སྤྱད་པ་རེད།

    བོད་སྐྱོར་སྨན་པས་གྲོས་འགོ་ཐོག་མར་བཏོན་པ་དང་། ལྷོ་རོང་རྫོང་སྨན་ཁང་གིས་ལམ་ལུགས་གསར་པ་རབ་དང་རིམ་པ་བཟོས་པ་སྟེ། སྒོ་བསྟེན་སྨན་ཁང་དུ་སློབ་ཁྲིད་བྱེད་པའི་ལམ་ལུགས་དང་། ལས་བགོས་ལས་ཐོའི་ལམ་ལུགས། སྨན་དོན་ཁོའི་སྙན་ཐོ་འགོད་པའི་ལམ་ལུགས། འདས་པོའི་ནད་དཔེར་གྲོས་བསྡུར་བྱེད་པའི་ལམ་ལུགས་སོགས་ཚད་ལྡན་གྱི་དོ་དམ་བྱ་ཐབས་སྐས་རིམ་གསར་པར་སླེབས་ཡོད་པ་རེད།

    ལག་ལེན་དངོས་ཀྱི་དཔེ་སྟོན་དང་། ཆེད་ལས་གསོ་སྦྱོང་། ཉེ་བཅར་སློབ་སྟོན་བཅས་བྱས་པ་ལས་ས་གནས་དེ་གའི་སྨན་པར་བཅོས་དཀའ་བའི་ནད་དཔེ་འཕྲད་སྐབས་གདེང་ཚོད་དེ་བས་ཆེ་བ་ཡོང་གི་ཡོད། “གཟའ་འཁོར་གཉིས་གོང་གི་ལས་སྒོའི་སློབ་སྦྱོང་ཁྲོད། ང་ཚོས་མིའི་གཟུགས་པོའི་ཐོག་འདྲ་བཟོས་སྦྱོང་བརྡར་བྱས་པ་ཡིན། བོད་སྐྱོར་སྨན་པས་བསླབ་པའི་ལག་རྩལ་གསར་པ་དེ་དག་ནད་ཐོག་སྨན་བཅོས་ཐོག་སྤྱོད་ཆོག་ཆོག་རེད་འདུག་པས། རང་ཉིད་ཀྱིས་ནད་བརྟག་སྨན་བཅོས་བྱེད་སྐབས་ཤེས་རྟོགས་དེ་བས་ཟབ་པ་ཐུབ་ཀྱི་འདུག”ཅེས་རྫོང་སྨན་ཁང་གི་ཕྱི་བཅོས་ཚན་ཁག་གི་གཤགས་བཅོས་སྨན་པ་ཧོ་ཁའེ་ཡིས་མྱོང་ཚོར་ཟབ་མོས་བཤད།

    བོད་སྐྱོར་བྱེད་རིང་སྨན་བཅོས་རུ་ཁག་གིས་ད་དུང་རྒྱང་ཁྲིད་སྨན་བཅོས་ལྷན་འཛོམས་ནད་དཔྱད་ལྟེ་གནས་ཀྱང་བཙུགས་ནས་བཅོས་དཀའ་བའི་ནད་ཚབས་ཆེན་ཕོག་མཁན་ལྷོ་རོང་ནས་ཕྱིར་སྐྱོད་མི་དགོས་པར་ཧྭ་ཧྲན་སྨན་ཁང་གི་སྨན་བཅོས་ཞབས་ཞུ་ཐོབ་ཀྱི་ཡོད། ཧྭ་ཧྲན་སྨན་ཁང་གི་རྒྱབ་སྐྱོར་འོག་རུ་མི་ཚོས་མ་དངུལ་བཏང་ནས་དཔེ་དེབ་6000ལྷག་ཙམ་ཉོས་ཏེ་ཧྭ་ཧྲན་དཔེ་དེབ་ཁང་བཙུགས་ནས་ས་གནས་དེ་གའི་སྨན་དོན་མི་སྣས་མུ་མཐུད་སློབ་སྦྱོང་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད།

    སྨན་བཅོས་རིགས་གཅིག་མཁས་ཅན་མངགས་པ་དང་ཆབས་ཅིག ཧྭ་ཧྲན་སྨན་ཁང་གིས་ལོ་ལྟར་ད་དུང་ལྷོ་རོང་རྫོང་གི་སྨན་དོན་པ་3ནས་5བར་གཟབ་སྦྱོང་བྱེད་པར་སྐོང་གི་ཡོད། སྨན་གཡོག་དཔོན་འཕྲིན་ལས་བདེ་སྐྱིད་ལྷོ་རོང་སྨན་ཁང་དུ་ལོག་རྗེས་སྨན་གཡོག་གི་ལས་གནས་བརྗེ་རེས་ལམ་ལུགས་སོགས་བཟོ་རྒྱུའི་གྲོས་འགོ་བཏོན་པས་སྨན་དོན་དོ་དམ་དེ་བས་ཞིབ་ཚགས་བྱུང་ཡོད།

    ལོ་གཅིག་ལྷག་ཙམ་རིང་། ཧྭ་ཧྲན་སྨན་ཁང་གི་བོད་སྐྱོར་རིགས་གཅིག་མཁས་ཅན་ཁག་གསུམ་གྱིས་ལྷོ་རོང་རྫོང་གི་སྨན་དོན་མི་སྣ་15ལ་ཆ་སྒྲིག་རོགས་ཁྲིད་བྱས་ནས་གསོ་སྦྱོང་སྣ་ཚོགས་ཐེངས་70ལྷག་ཙམ་བྱས་ཏེ་སྨན་བཅོས་ལག་རྩལ་བྱང་ཆུབ་པ་དང་། སྨན་ཁང་དུ་ཡུན་རིང་སྡོད་ཐུབ་པ། ཕན་ཐོགས་པ་བཅས་ཀྱི་ས་གནས་དེ་གའི་སྨན་བཅོས་ཤེས་ལྡན་པ་ཁག་གཅིག་སྐྱེད་སྲིང་བྱས་ནས“གཏན་འཇགས་སྨན་བཅོས་རུ་ཁག”ཅིག་སྒྲུབ་བཞིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།