[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ལྷ་ས་གྲོང་ཁྱེར་དང་ཅང་སུའུ་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-10

     ཚེས་7ཉིན་གྱི་ཕྱི་དྲོ་ལྷ་ས་གྲོང་ཁྱེར་དང་ཅང་སུའུ་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ཅང་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེང་ཀྲང་གཞོན་པ་ཧོང་ལི་ཤིན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ཀྱིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་ཕེབས་ཡོད་པ་རེད།

    པད་མ་དབང་འདུས་ཀྱིས་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་དང་ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་ཧོང་ལི་ཤིན་དང་བཅས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་།དུས་ཡུན་རིང་པོའི་ནང་ཅང་སུའུ་ཞིང་ཆེན་གྱིས་ལྷ་ས་གྲོང་ཁྱེར་ལ་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཤུགས་ཆེའི་རྒྱབ་སྐྱོར་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཀྲུང་དབྱང་གི་ཁ་གཏད་བོད་སྐྱོར་སྲིད་ཇུས་ལག་ལེན་བསྟར་ནས་ལོ་20ལྷག་ཙམ་སོང་ཚུན། ཅང་སུའུ་ཞིང་ཆེན་གྱིས་སྔ་བར་ཕྱི་གསུམ་དུ་ལྷ་སར་རོགས་སྐྱོར་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཤེས་ལྡན་མི་སྣ་དང་། ལག་རྩལ། ཐོན་ལས། མ་དངུལ་སོགས་ཐད་ཕྱོགས་ཡོངས་ནས་ལྷ་སར་ཁ་གཏད་རོགས་སྐྱོར་བྱས་ཏེ་ལྷ་སའི་དཔལ་འབྱོར་རྒྱུན་མཐུད་དང་། མགྱོགས་མྱུར། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བ་དང་སྤྱི་ཚོགས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱས་པ་དང་འབྲེལ་ཤུགས་ཆེའི་སྒུལ་ཤུགས་ཀྱང་བསྣན་ཡོད་ཅེས་གསུངས་པ་རེད། ཁོང་གིས་ཅང་སུའུ་ཞིང་ཆེན་གྱིས་ལྷ་སའི་འཕེལ་རྒྱས་ལ་སྔར་རྒྱུན་བཞིན་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་ཁ་གཏད་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ལྷག་དོན་དུ་རྨང་གཞིའི་སྒྲིག་བཀོད་དང་། ཁྱད་ལྡན་ཐོན་ལས། དབུལ་སྒྲོལ་འགག་སྒྲོལ། སྤྱི་ཚོགས་བྱ་གཞག ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ལ་མཛུབ་ཁྲིད་ནུས་ལྡན་དང་ཤུགས་ཆེའི་རྒྱབ་སྐྱོར་བྱས་ཏེ་ལྷ་ས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་ཆེད་སྒུལ་ཤུགས་གསར་པ་རྒྱུན་མཐུད་སྣོན་རྒྱུའི་ཐུགས་རེ་གནང་བ་རེད། ཁོང་གིས་ལྷ་ས་གྲོང་ཁྱེར་གྱིས་ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུ་གོ་སྐབས་དང་སྒུལ་ཤུགས་སུ་བྱས་ནས་ཅང་སུའུ་ཞིང་ཆེན་དང་འབྲེལ་གཏུག་སྦྲེལ་མཐུད་བྱེད་རྒྱུར་རང་འགུལ་ངང་ཤུགས་སྣོན་ཧུར་ཐག་བརྒྱབ་སྟེ་ཅང་སུའུ་ཞིང་ཆེན་གྱི་ཁ་གཏད་བོད་སྐྱོར་ལས་དོན་ལ་ཆ་རྐྱེན་གསར་པ་གཏོད་པ་དང་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་གསུངས་པ་རེད།

    ཧོང་ལི་ཤིན་གྱིས་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། ཁོང་གིས་རེས་སྐོར་གསར་པའི་བོད་སྐྱོར་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཅང་སུའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ལས་དོན་སྤེལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་འགོ་ཁྲིད་མཐུན་སྦྱོར་ཚོགས་ཆུང་བཙུགས་པ་དང་འབྲེལ། བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྔར་བས་ལེགས་པར་སྒྲུབ་པའི་ལག་བསྟར་བསམ་འཆར་བཟོས་ཡོད། བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣ་ཡོངས་ཀྱིས་ཅང་སུའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་བཏོན་པའི“ཅང་སུའུ་ཡི་བོད་སྐྱོར་ལས་དོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སྤེལ་དགོས་པའི”བླང་བྱ་གཞིར་བཟུང་། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བརྩེ་སེམས་འཆང་བཞིན་བོད་སྐྱོར་དང་། ཚན་རིག་དང་མཐུན་པའི་བོད་སྐྱོར། རྒྱུན་མཐུད་བོད་སྐྱོར་བཅས་མཐའ་འཁྱོངས་བྱས་ནས་དམངས་འཚོ་འགན་ལེན་དང་ལེགས་བཅོས་ནུས་ལྡན་བྱེད་རྒྱུ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ་བོད་སྐྱོར་ལས་དོན་གྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་རྒྱ་ཆེར་བཏང་ནས་ལས་བྱེད་ཤེས་ལྡན་མི་སྣའི་བོད་སྐྱོར་དང་། ཐོན་ལས་ཀྱི་བོད་སྐྱོར། སློབ་གསོའི་བོད་སྐྱོར། འཕྲོད་བསྟེན་གྱི་བོད་སྐྱོར། ལས་ཞུགས་ཀྱི་བོད་སྐྱོར། ཚན་རྩལ་གྱི་བོད་སྐྱོར་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་ཞིག་ཆགས་པ་བྱེད་དགོས་ཞེས་གསུངས་པ་རེད། ཁོང་གིས་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་ལ་མུ་མཐུད་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་འབྲེལ་རྩ་ཆེའི་བསམ་འཆར་དང་གྲོས་འགོ་མང་ཙམ་བཏོན་ནས་ཅང་སུའུ་ཞིང་ཆེན་གྱིས་ཁ་གཏད་རོགས་སྐྱོར་ལས་དོན་སྔར་བས་ལེགས་པར་བསྒྲུབ་རྒྱུར་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་མཐུན་སྒྲིལ་དང་། མཛེས་སྡུག བདེ་ཐང་། བདེ་སྐྱིད་བཅས་ལྡན་པའི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་ཐུགས་རེ་གནང་བ་རེད།

    ཧོང་ལི་ཤིན་གྱིས་གོམ་སྟབས་རྗེས་མར་ཅང་སུའུ་ཞིང་ཆེན་གྱི་ཁ་གཏད་བོད་སྐྱོར་ལས་དོན་ཐད་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཅང་སུའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་འོག་ཁ་གཏད་བོད་སྐྱོར་དབུལ་སྐྱོར་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས་ལྷ་སའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་འབད་འཐབ་ཀྱི་ཁ་ཕྱོགས་སུ་བརྩིས་ནས་དེ་བས་ཏན་ཏིག་དང་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་དབུལ་སྒྲོལ་འགག་སྒྲོལ་ལ་འདེགས་སྐྱོར་དང་། ཐོན་ལས་འདེགས་སྐྱོར་ལ་ཤུགས་སྣོན། རིག་སྟོབས་རྒྱབ་སྐྱོར་ལ་ཤུགས་སྣོན། འགྲོ་འོང་སྤེལ་རེས་མཉམ་འབྲེལ་ལ་སྐུལ་འདེད། གཞི་རིམ་འཛུགས་སྐྱོང་ལ་སྐུལ་འདེད། བོད་སྐྱོར་ལས་དོན་ཀྲུང་དབྱང་གི་བླང་བྱ་དང་དེ་བས་མཐུན་རྒྱུར་སྐུལ་འདེད། རོགས་སྐྱོར་དང་ལེན་བྱེད་ཡུལ་གྱི་དགོས་མཁོ་དང་མཐུན་པ་དང་ཅང་སུའུ་ཡི་ཁྱད་ཆོས་མངོན་པ། རྒྱལ་ཡོངས་ཀྱི་མདུན་གྲལ་དུ་མུ་མཐུད་ལས་དོན་སྤེལ་བ་བཅས་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།