[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཁ་རུབ་གྲོང་རྡལ། གནའ་བོའི་རྗེས་ཤུལ་འགྲམ་གྱི་རྣམ་པ་གསར་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-04

    563107_yis_1540958468718_s.jpg

    ཁ་རུབ་པེ་ཅིང་གྲོང་གསར་གྱི་རྣམ་པ།

    ཏང་འཛུགས་སྐྱོང་གིས་དབུལ་སྒྲོལ་ཕྱུག་འགྱུར་ལ་སྣེ་ཁྲིད་བྱས་པ།

    ཁ་རུབ་གྲོང་རྡལ་དང་ཐ་ན་ཆབ་མདོ་ཡོངས་སུ་ཁ་རུབ་པེ་ཅིང་གྲོང་གསར(དེ་སྔའི་ཁ་རུབ་གྲོང་ཚོ)གྱི་སྙན་གྲགས་གང་སར་ཁྱབ་ཡོད། དེ་ཁུལ་གྱི་ཁྱིམ་ཚང་ཚང་མ་ཁང་པ་གསར་པའི་ནང་སྡོད་རྒྱུ་བྱུང་ལ། མི་ཚང་མར་ལས་ཀ་ཡོད་པས། མང་ཚོགས་རྣམས་གནས་ཟོས་བདེ་པོས་བདེ་སྐྱིད་ཀྱི་འཚོ་བ་ལོངས་སྤྱོད་བྱེད་བཞིན་ཡོད།

    ལོ་ཤས་གོང་གྲོང་ཚོ་ཡོངས་ཀྱི་ངལ་ནུས་མི་འདང་བ་དང་། རང་ངོས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆུང་བ། ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་ཞན་པ་བཅས་ཀྱི་རྐྱེན་པས་ཁ་རུབ་པེ་ཅིང་གྲོང་གསར་འཕེལ་རྒྱས་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་འགོག་རྐྱེན་འཕྲད་ཡོད། དབུལ་སྒྲོལ་དང་དབུལ་ཞྭ་ཕུད་ཆེད། ཁ་རུབ་བ་ཚོས་རྒྱལ་ཁབ་ཀྱི་འབོད་སྐུལ་བཞིན་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་དོན་སྤེལ་བ་རེད། 2016ལོར་ཁ་རུབ་གྲོང་ཚོ་ཏང་ཀྲི་པུའི་སྣེ་ཁྲིད་འོག ཁ་རུབ་གྲོང་ཚོའི་གནད་སྨིན་དབུལ་སྐྱོར་གྱི་ཡུལ་གཞན་དུ་གནས་སྤོས་ལས་དོན་དངོས་སུ་སྤེལ་འགོ་ཚུཌ།

    ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་དོན་བདེ་བླག་བསྒྲུབ་ཆེད། ཁ་རུབ་གྲོང་ཚོའི་ཏང་ཀྲི་པུས་ཕྱོགས་གཅིག་ནས་ཏང་ཡོན་དང་མང་ཚོགས་ལ་གཅིག་སྡུད་ཐོག་དྲིལ་བསྒྲགས་ཁྲིད་སྟོན་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཞིང་འབྲོག་པའི་ཁྱིམ་དུ་བསྐྱོད་དེ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྲིད་ཇུས་སྒྲོག་འགྲེལ་བྱས་པ་རེད། གནས་སྤོས་བྱེད་མི་འདོད་པའི་མང་ཚོགས་ལ་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་བསམ་བློའི་སློབ་གསོ་མང་པོ་བརྒྱབ་པ་དང། གྲོང་ཚོའི་ལས་བྱེད་པ་བཅོ་ལྔ་ཚེ་རིང་གིས་སྣེ་ཁྲིད་ནས་རང་ཉིད་ཀྱི་ཁང་པ་བཤིག་ནས་ས་ཆ་དེར་གྲོང་ཚོ་ཨུ་ལྷན་གྱི་གཞུང་ལས་ཁང་རྒྱག་ཏུ་བཅུག གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་བུ་དགའ་ཡིས་རང་འགུལ་ངང་རང་ཁྱིམ་གྱི་ས་ཞིང་མུའུ་3གྱི་སྟེང་གྲོང་མིའི་རིག་གནས་ཐང་ཆེན་རྒྱག་ཏུ་བཅུག་པར་གྲོང་མི་ཚོའི་གདེང་འཇོག་ཡག་པོ་ཐོབ་ཡོད་ལ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པའང་བཟང་པོ་ཐོན།

    གྲོང་མི་ཚོའི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཡོང་བར་ཏང་ཀྲི་པུའུ་སྟོབས་ཆེར་གཏོང་རྒྱུ་ནི་འགག་རྩ་ཡིན། ཁ་རུབ་པེ་ཅིང་གྲོང་གསར་ཏང་ཀྲི་པུའུ་ཡིས་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་ཕྱུག་འགྱུར་སྣེ་ཁྲིད་ཀྱི་ནུས་པ་ལྡན་པའི་ཕུལ་བྱུང་འཇོན་ཐང་ཅན་ཁག་གཅིག་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་ནང་བདམས།

    མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ལ་སྣེ་ཁྲིད་བྱ་ཆེད། གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་བུ་དགའ་ཡིས་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བྱེ་རྡོ་ར་བ་དང་རྡོ་ཧྲུག་ར་བ་བཙུགས་ནས་ཞིང་འབྲོག་པའི་ཨར་སྐྲུན་རུ་ཁག་དང་སྐྱེལ་འདྲེན་རུ་ཁག་སྒྲིག་འཛུགས་ཀྱིས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་སྐྱོད་རྒྱུར་སྣེ་ཁྲིད་བྱས། 2017ལོར་གྲོང་ཚོའི(གྲོང་ལྷན)རྩ་འཛུགས་སྐབས་བརྗེ་བྱས་རྗེས་བཅོ་ལྔ་ཚེ་རིང་གིས་དབུལ་སྒྲོལ་འགག་སྒྲོལ་ལས་འགན་དང་ལེན་བྱས་ཏེ་མང་ཚོགས་སྣེ་ཁྲིད་ནས་འགྱིག་ཤོག་དྲོད་ཁང་ཆེན་པོ་བསྐྲུན་པ་དང་། ཞིང་པའི་སྤྲོ་སྐྱིད་ཁང་དང་བོད་ཁྱིམ་སྤྲོ་སྐྱིད་ཁང་གཉེར་བ་ལས་གྲོང་མིའི་དངུལ་སྨར་གྱི་ཡོང་འབབ་ལྡབ་འཕར་བྱུང་།

    563105_yis_1540958467189_s.jpg

    འདི་ནི་ཁ་རུབ་རང་བྱུང་གྲོང་ཚོའི་གྲོང་མིས་བོད་སྨན་གྱི་སྨན་རྩྭ་འདེབས་འཛུགས་རྟེན་གཞིར་ལས་ཀ་བྱེད་བཞིན་པ།

    དེང་རབས་ཞིང་ལས་ལ་བརྟེན་ནས་འབབ་འཕར་ལ་འདེགས་སྐྱོར་བྱས་པ།

    ཟླ་ཁ་ཤས་དཀའ་ལས་བརྒྱབ་པ་བརྒྱུད། ཁ་རུབ་གྲོང་རྡལ་རྫོས་པ་གྲོང་ཚོ་མི་རུབ་རང་བྱུང་གྲོང་ཚོའི་གྲོང་མི་དཀར་རིལ་ལ་ལོ་ལེགས་བྱུང་བ་རེད། འདི་ལོ་ཁོང་ཁྱིམ་གྱིས་ནས་དང་ཞོག་ཁོག་མུའུ་7བཏབ་སྟེ་ནས་རང་ཁྱིམ་གྱི་བཟའ་འབྲུར་ཉར་བ་དང་ཞོག་ཁོག་ཐོན་འབབ་རྒྱ་མ་500ལྷག་ཙམ་བྱུང་བར་རྒྱ་མ་རེར་སྒོར་2བྱས་ནས་བཙོངས།

    ཞོག་ཁོག་བཙོངས་པའི་དངུལ་སྒོར་1000ལྷག་ཙམ་ལ་དགའ་ཚོར་ཆེན་པོ་བྱེད་བཞིན་དུ་དཀར་རིལ་གྱིས་སྲོལ་རྒྱུན་ཞིང་ལས་ཁོ་ནར་བརྟེན་ན་ཡོང་འབབ་མང་པོ་མེད་པ་གསལ་པོ་ཤེས་ནས་བོད་སྨན་སྨན་རྩྭ་འདེབས་འཛུགས་རྟེན་གཞིར་ལས་ཀ་བྱ་རྒྱུའི་ཆོད་སེམས་དེ་བས་བརྟན་དུ་སོང་བ་རེད།

    ཁ་རུབ་ཆུས་བོད་སྨན་སྨན་རྩྭ་འདེབས་འཛུགས་རྟེན་གཞིའི་རྒྱ་ཁྱོན་ལ་མུའུ་50ཙམ་ཡོད་པ་དང་། དེའི་ནང་ལྗང་གསོ་དྲོད་ཁང་ཆེ་མོ་2དང་མུའུ་48ཟིན་པའི་ཐོག་མེད་འདེབས་འཛུགས་རྟེན་གཞི་ཚུད་ཡོད། མིག་སྔར་གུར་གུམ་དང་རུ་རྟ་སོགས་སྨན་རྩྭ་རིགས་11ཙམ་འདེབས་འཛུགས་བྱེད་པ་ལས། དེ་གའི་དུད་ཚང་29ཡི་མང་ཚོགས་102ལ་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་ཐུབ་ཡོད།

    “ང་ཚོའི་གྲོང་ཚོའི་གྲོང་མི་དུད་ཚང་29ཡིས་རེས་མོས་ཀྱིས་འདི་གར་ལས་ཀ་བྱེད་ཀྱི་ཡོད། ཉིན་གཅིག་ལ་གླ་ཆ་སྒོར་150ཡོད། དེ་གོང་གི་ཟླ་3རིང་ངས་ཉིན་བཅུ་ལྷག་ལས་ལས་ཀ་བྱས་མེད་ཀྱང་གླ་ཆ་སྒོར་2400ཙམ་བྱུང་བས་ཞོག་ཁོག་འདེབས་པ་ལས་ཡོང་འབབ་མང་བ་འདུག ཉིན་ཤས་སོང་རྗེས་སྨན་རྩྭ་བསྡུ་རན་པས་ང་ཚོར་ཡོང་འབབ་དེ་བས་མང་བ་ཡོང་གི་རེད། ཁྱིམ་གྱི་ས་ཆ་མུའུ་4བོགས་མར་བཏང་བར་ལོ་རེར་སྒོར་4800རག་གི་འདུག ད་ཆ་ང་ཚོའི་ཁྱིམ་གྱི་ཡོང་འབབ་དེ་སྔ་དང་བསྡུར་ན་ལྡབ་ཁ་ཤས་མང་དུ་ཕྱིན་པ་དང་འཚོ་བའང་ཉིན་བཞིན་མ་འདས་པར་ཡག་ཏུ་འགྲོ་གི་འདུག”ཅེས་བོད་སྨན་སྨན་རྩྭ་འདེབས་འཛུགས་རྟེན་གཞིར་དཀར་རིལ་གྱིས་བཤད།

    ཁ་རུབ་ཆུས་རྫོས་པ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཀྱིས་མངགས་གཏོང་བྱས་པའི་ལས་དོན་རུ་ཁག་གི་རུ་མི་ཁྲེང་ལེས་གསར་འགོད་པར། “རྫོས་པ་གྲོང་ཚོར་དུད་ཚང་79ཡོད། མིག་སྔར་མི་5སྣོད་བཅུད་གླིང་དུ་ལས་ཀ་གཏན་འཇགས་ཡོད་པ་མ་ཟད། ད་དུང་མི་50ལྷག་ཙམ་ལས་ཀ་རེས་མོས་ཀྱི་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད། ཁོང་ཚོའི་ངོས་ནས་བརྗོད་ན་ཞིང་ལས་སྣོད་བཅུད་གླིང་དུ་ལས་ཀ་བྱས་ཚེ་གླ་ཆ་ཡོད་པ་མ་ཟད། ད་དུང་འདེབས་འཛུགས་ཀྱི་ལག་རྩལ་ཤེས་ཀྱི་ཡོད”ཅེས་བཤད།

    563106_yis_1540958468063_s.jpg

    འདི་ནི་གྲོང་མི་རིག་འཛིན་རྒྱལ་མཚན་གྱིས་རང་ཁྱིམ་གྱི་མེ་ཏོག་ལ་ཆུ་རྒྱག་བཞིན་པ།

    གནས་སྤོས་ནས་བདེ་སྐྱིད་ལམ་དུ་སྐྱོད།

    2016ལོའི་ཟླ་11ཚེས་22ཉིན་དེ་ནི་ཁ་རུབ་གྲོང་རྡལ་འདམ་སྐྱོ་ཐེན་ཅིན་གྲོང་གསར་གྱི་གྲོང་མིའི་ངོས་ནས་བརྗོད་ན་དགའ་འོས་ལ་བརྗེད་པར་དཀའ་བའི་ཉིན་མོ་ཞིག་ཡིན་ཞིང་། དེ་ཉིན་གྲོང་མི་དུད་ཚང་132རི་ཁུག་ནས་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་གསར་པར་སྤོས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས།

    གྲོང་མི་དུད་ཚང་132ཁྲོད། དུད་ཚང་68ནི་འདམ་སྐྱོ་གྲོང་ཚོའི་པ་ཏ་གངས་རིའི་འདབས་ནས་སྤོས་ཡོང་བ་རེད། པ་ཏ་གངས་རིར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཙམ་ཟིན་པ་དང་། ལོ་གཅིག་ནང་ཕྱེད་ཙམ་གྱི་ཉིན་མོའི་དྲོད་ཚད་དམའ་ཤོས་ཧྲེ་ཧྲི་ཏུའུ་ཀླད་ཀོར་འོག་ཏུ་ཡིན་པས་གྲུམ་བུའི་ནད་ནི་ཡུལ་དེའི་རྒྱུན་མཐོང་གི་ནད་རེད། དེར་གཞུང་ལམ་དང་ཆུ་ཀ་ལ་མེད་ལ་འཕྲིན་གཏོང་བརྡ་རྟགས་ཀྱང་མེད།

    2016ལོའི་ལོ་མཇུག་ཏུ། ཐེན་ཅིན་གྲོང་ཁྱེར་གྱིས་ལག་ལེན་བསྟར་བའི་གནད་སྨིན་དབུལ་སྐྱོར་གྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་རྣམ་གྲངས་ཡིན་པའི་འདམ་སྐྱོ་ཐེན་ཅིན་གྲོང་གསར་བཙུགས་ནས་གྲོང་མི་དུད་ཚང་68གཅིག་རྗེས་གཉིས་མཐུད་ངང་སྡོད་ཁང་གསར་པར་སྤོས་པ་རེད།

    གནས་སྤོ་བྱས་ནས་གཞིས་ཆགས་དགོས་པ་མ་ཟད། ད་དུང་ཕྱུག་པོར་འགྱུར་ཐུབ་པའང་དགོས། འདམ་སྐྱོ་ཐེན་ཅིན་གྲོང་གསར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་ནི་ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་འགྲམ་དུ་ཆགས་ཤིང་། འདམ་སྐྱོ་ཐེན་ཅིན་གྲོང་གསར་གྱིས་ས་ཁམས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་གནས་སྤོས་གཟིགས་སྐྱོང་སྲིད་ཇུས་བརྩོན་ལེན་དང་དོན་འཁྱོལ་བྱས་ཐོག་ཡུལ་གཞན་དུ་གནས་སྤོས་ས་ཚིགས་ཀྱི་གཙོ་ཁྲིད་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག གནས་སྤོས་མང་ཚོགས་ཀྱི་ཁྱིམ་ཚང་མི་གྲངས་དང་། དཔལ་འབྱོར་ཡོང་འབབ་དང་ཡོང་ཁུངས། ཡོང་འབབ་གསོག་པའི་ནུས་པ་སོགས་ཀྱི་གནས་ཚུལ་ལ་གཞིགས་ཏེ་གནད་སྨིན་དབུལ་སྐྱོར་གྱི་འབབ་འཕར་འཆར་གཞི་བཟོས་པ་རེད།

    དུད་ཚང་དབུལ་པོ་རིག་འཛིན་རྒྱལ་མཚན་དང་ཁོང་གི་བཟའ་ཟླ་གཟུགས་པོ་ཡག་པོ་མེད་སྟབས་ཤུགས་ལས་བྱེད་མི་ཐུབ་པའི་ཁར། ཕྲུ་གུ་གསུམ་པོ་སློབ་གྲྭར་འགྲོ་གི་ཡོད་པས་ཁྱིམ་ཚང་གི་ཁུར་པོ་ལྕི་པོ་ཡོད། གྲོང་ཚོའི་ནང་གི་གནད་སྨིན་དབུལ་སྐྱོར་དང་འབབ་འཕར་འཆར་གཞི་བརྒྱུད། རིག་འཛིན་རྒྱལ་མཚན་གྱིས་ངལ་རྩོལ་ནུས་ཤུགས་མ་རྐང་ལ་ཞུགས་པའི་བྱ་ཐབས་བརྒྱུད་བྱེ་རྡོ་ར་བ་གཉེར་སྐྱོང་བྱས་པར་ཉིན་རེར་ཡོང་འབབ་སྒོར་150ཡོད་པ་དང་ད་དུང་ཟླ་རེར་ཁེ་འབབ་བགོ་བཤའ་སྒོར་1000ལྷག་ཙམ་ལེན་རྒྱུ་ཡོད་པས། རིག་འཛིན་རྒྱལ་མཚན་ཁྱིམ་གྱི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད། དེ་རྗེས་ཁོང་གིས་ཁ་ལོ་བའི་རྩལ་ནུས་གསོ་སྦྱོང་ལ་ཞུགས་ཏེ་2017ལོར་ལྗིད་ཐེག་རླངས་འཁོར་ཞིག་ཉོས་ནས་བྱེ་རྡོ་ར་བའི་དབོར་འདྲེན་རུ་ཁག་ལ་ཞུགས་པར་ཟླ་རེར་ཡོང་འབབ་སྒོར་5000ནས་6000བར་མང་དུ་ཕྱིན།

    ཁ་རུབ་གྲོང་རྡལ་དུ་སྐྱོད་པ་ལས་གསར་འགོད་པར་ཚོར་སྣང་ཟབ་མོ་བྱུང་བ་ནི་ང་ཚོས་རྒྱུས་མངའ་ཆེ་བའི་ཁ་རུབ་གྲོང་རྡལ་དབུལ་པོ་དེ་མིན། ས་གནས་ས་ཐོག་ཏུ་ཕྱིན་པ་བརྒྱུད་མང་ཚོགས་ཀྱིས་སྒུག་རྟེན་མ་ཡིན་པར་བསམ་ཕོད་པ་དང་བྱེད་ཕོད་པ་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བའི་ལམ་བུའི་ཐོག་ཕན་ཚུན་རོགས་རམ་བྱས་ཚེ་ཁ་རུབ་གྲོང་རྡལ་གྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་རྒྱུའི་ཡིད་ཆེས་བྱེད་བཞིན་ཡོད།

    563108_yis_1540958469420_s.jpg

    འདི་ནི་ཁ་རུབ་པེ་ཅིང་གྲོང་གསར་ཁ་སྤྲོད་ཀྱི་རོབ་པ་ཆུ་ཚན་མགྲོན་ཁང་ཆེ་མོ་དང་ཁ་རུབ་བྱིས་པའི་རོལ་རྩེད་ཁང་གི་ཡུལ་ལྗོངས་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།