[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • སྙིང་རུས་ལྡན་ན་དཀའ་ངལ་གྱིས་གཞོམ་མི་ནུས།

    ​ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་བྲ་འོར་གྲོང་ཚོའི་གྲོང་མི་ཡོན་ཏན་རྒྱ་མཚོའི་ཁྱིམ་ཚང་གི་འཕོ་འགྱུར་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ གསར་འགོད་པ། རྣམ་གླིང་རིན་ཆེན། བཀྲ་ཤིས་དཔལ་ལྡན། ལྷག་ཚེ་གཞོན་པ།    |    སྤེལ་དུས།   2018-11-04

    563315_yis_1540966478071_s.jpg

    འདི་ནི་ཡོན་ཏན་རྒྱ་མཚོས་མཉམ་ལས་ཁང་གི་ལས་མི་ཚོར་སྔོ་ཚལ་འཐུ་སྟངས་དང་སྔོ་ཚལ་ལ་གཡོག་བྱེད་ཇི་ལྟར་བྱེད་དགོས་མིན་ཐད་ཀྱི་འབྲེལ་ཡོད་ལག་རྩལ་སློབ་བཞིན་པ།

    563316_yis_1540966478773_s.jpg

    འདི་ནི་ཡོན་ཏན་རྒྱ་མཚོའི་ཕ་བསོད་ནམས་བསྟན་འཛིན་གྱིས་རང་ཁྱིམ་གྱི་ཁང་པ་གསར་པར་ནག་རྩི་བྱུག་བཞིན་པ།

    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་བྲ་འོར་གྲོང་ཚོའི་སྔོ་ཚལ་ཆེད་ལས་མཉམ་ལས་ཁང་གི་སྒོ་འགྲམ་དུ་འབྱོར་དུས། གཟུགས་སྟོབས་དེ་ཙམ་ཆེན་པོ་མེད་པའི་གཞོན་ནུ་ཞིག་གིས་འཁོར་གསུམ་གློག་སྒུལ་སྦག་སྦག་གི་འཁོར་སྒྲོམ་ནང་དུ་པད་ཚལ་དང་། སྲོ་ལོ་སྔོན་པོ། ལ་ཕུག ཙོང་སོགས་ཚལ་རིགས་སྣ་ཁ་མང་པོ་བླུགས་ཏེ་ཕྱི་ལ་སྐྱེལ་བར་འགྲོ་བཞིན་པའི་སྣང་བརྙན་ཞིག་མིག་མདུན་དུ་འཆར་འོངས། གཞོན་ནུ་དེའི་བདེ་ལྕག་འཁྱུག་པའི་ལས་སྟངས་དང་། གྲུང་ཤ་དོད་པའི་མིག་ཟུང་། རྒྱ་སྐད་དང་བོད་སྐད་བདེ་བའི་ཁ་བརྡ། རང་འཁྲིའི་ལས་ཀར་དགའ་ཞེན་དང་ཧུར་སེམས་ཀྱིས་ཁེངས་པའི་སྣང་ཚུལ་རེ་རེ་མིག་ལམ་དུ་འཆར་དུས། ང་ཚོའི་སེམས་ལ་གཡོ་འགུལ་ཆེན་པོ་ཐེབས་ཤིང་། ཁོང་དང་ཁོང་འདྲ་བའི་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ཀྱི་ཁྱིམ་གཞིས་འཛུགས་སྐྲུན་གྱི་སླད་དུ་དཀའ་སྤྱད་འབད་འབུངས་ལ་གཞོལ་བཞིན་པའི་མང་ཚོགས་ཕལ་པ་དེ་ཚོའི་གནས་ཚུལ་སྐོར་ལ་རྒྱུས་མངའ་ལོན་འདོད་ཀྱི་འདུན་པ་དྲག་པོ་ཞིག་ངང་གིས་སྐྱེས་པས། ང་ཚོས་དེ་འཕྲལ་ཁོང་དང་ཁོང་གི་ཁྱིམ་ཚང་གི་གནས་ཚུལ་སྐོར་བཅར་འདྲི་ཞུ་བར་སོང་།

    སད་ཀྱིས་བཅོམ་པའི་ཕུགས་བསམ།

    ང་ཚོ་ཡོན་ཏན་རྒྱ་མཚོའི་ཁྱིམ་ཚང་གི་སྒོ་འགྲམ་དུ་འབྱོར་དུས། དགུང་ལོ་60ལྷག་ཙམ་ལ་སླེབས་པའི་བགྲེས་སོང་ཞིག་གིས་ཧ་ཅང་བྱང་ཆ་ལྡན་པའི་ངང་རང་ཁྱིམ་གྱི་ཁང་པར་དཀར་རྩི་དང་ནག་རྩི་བྱུག་བཞིན་འདུག་ཅིང་། ཤེས་རྟོགས་བྱས་པ་བརྒྱུད། ད་གཟོད་ཁོང་ནི་ཡོན་ཏན་རྒྱ་མཚོའི་ཕ་ཡིན་པ་རྟོགས། ཡོན་ཏན་རྒྱ་མཚོའི་ཁྱིམ་དུ་ཕ་བུ་གཉིས་ལས་མེད་ཅིང་། ལོ་ངོ་མང་པོའི་རིང་། མིག་མདུན་གྱི་ལམ་ཁ་ཇི་ཙམ་དཀའ་ཚེགས་དང་བར་ཆད་ཀྱིས་བཀང་རུང་། ཁོང་ཕ་བུ་གཉིས་པོས་གཅིག་སེམས་གཅིག་ལ་གཏད་ནས་དཀའ་སྡུག་གི་མི་ཚེའི་འཕྲང་ལམ་མང་པོ་སྙིང་རུས་ཀྱིས་ཕ་མཐར་བཤགས་ཏེ། ཡུལ་མི་གཞན་དང་འདྲ་བར་རང་གི་ལག་ཟུང་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་བདེ་སྐྱིད་ཀྱི་འཚོ་བར་བསུ་མ་བྱེད་རྒྱུའི་བློས་བསླངས་བྱས།

    ཡོན་ཏན་རྒྱ་མཚོའི་ཕའི་མིང་ལ་བསོད་ནམས་བསྟན་འཛིན་ཟེར་ཞིང་། ཁྱིམ་ཚང་འཛུགས་སྐབས་འཚོ་བའི་རྨང་གཞི་དེ་ཙམ་མེད་ཀྱང་། ཕྲུ་གུ་གཉིས་པོ་ཉིན་རེ་ལས་མ་འདས་པར་འཚར་ལོངས་ཡོང་བཞིན་པ་མཐོང་དུས་ཁོང་ཕ་མ་གཉིས་ལ་བརྗོད་མི་ཤེས་པའི་སྤྲོ་བ་ཞིག་ངང་གིས་འཕེལ་ཏེ། འབྱུང་འགྱུར་གྱི་འཚོ་བར་རེ་བ་དང་ཡིད་ཆེས་ཀྱིས་ཁེངས། བཟའ་ཚོ་གཉིས་ལ་ཕྲུ་གུ་ཡོན་ཏན་རྒྱ་མཚོ་ཕུད། ད་དུང་བུ་མོ་ཞིག་ཀྱང་ཡོད་ཀྱང་། སྟབས་མི་ལེགས་པ་ཞིག་ལ། བུ་མོ་ལོ་21ལ་སླེབས་སྐབས་ཙ་རི་ཁུལ་དུ་ལས་མིར་འགྲོ་བའི་སྐབས་ཤིག་ལ་རླངས་འཁོར་གྱི་ལས་འཛོལ་བྱུང་ནས་ཚེ་ལས་འདས། བུ་མོ་ཚེ་ལས་འདས་པ་དེས་ཁོང་བཟའ་ཚོ་གཉིས་ཀྱི་སེམས་ལ་སྐྱོ་གདུང་དྲག་པོ་སྐྱེས་ཤིང་། དེའི་ཁར་བཟའ་ཟླའི་རྐང་ལག་གྲུམ་བུའི་ནད་ཀྱིས་འཁུམས་ཏེ་འགུལ་སྐྱོད་མི་ཐུབ་པར་མལ་སར་ལུས་པས། ཁོང་ཚང་གི་འཚོ་བའི་ཐད་དཀའ་ངལ་མང་པོ་འཕྲད། “སྐབས་དེ་དུས། བཟའ་ཟླར་ལྟ་རྟོག་བྱེད་དགོས་ལ། བུ་ཡོན་ཏན་རྒྱ་མཚོའང་སློབ་གྲྭར་འགྲོ་བཞིན་ཡོད་པས། ཁྱིམ་ཚང་ཕྱི་ནང་གི་ལས་ཀ་ཚང་མ་ངའི་ཕྲག་ཏུ་བབས”ཕ་བསོད་ནམས་བསྟན་འཛིན་གྱིས་འདས་སོང་གི་ལོ་ཟླར་ཕྱིར་དྲན་བྱེད་བཞིན་དེ་ལྟར་བརྗོད། ཁོང་གི་བཟའ་ཟླ་ནད་ཀྱིས་མནར་ཏེ་མལ་དུ་ལུས་པ་ནས་བཟུང་། བཟའ་ཟླར་ལྟ་རྟོག་དང་། ཞིང་ལས་གས་ཁྱིམ་ཚང་གི་ཁུར་པོ་ཚང་མ་ཁོང་མི་གཅིག་གི་ཕྲག་ཏུ་བབས་ཤིང་། སྔོན་ཆད་ལྟར་ཕྱི་ལ་ཡོང་འབབ་གསོག་པར་འགྲོ་ཐབས་བྲལ་བས། ད་ནི་བཟའ་ཟླའི་ན་ཚ་བཅོས་ཆེད་ཀྱི་སྨན་རིན་ཡང་ཁ་ཐང་པོར་གྱུར། བཟའ་ཟླའི་ན་ཚ་ཉིན་རེ་ལས་མ་འདས་པར་ཇེ་ལོད་དུ་ཕྱིན་ཏེ། མཐར་2012ལོར་བཟའ་ཟླས་ཁོང་དང་བུ་ཡོན་ཏན་རྒྱ་མཚོ་ཤུལ་དུ་བསྐྱུར་ཏེ་འཇིག་རྟེན་ཕྱི་མའི་ལམ་དུ་བཞུད། དུས་དེ་ནས་བཟུང་ཡོན་ཏན་རྒྱ་མཚོ་ནི་ཕ་ཡི་རེ་བ་བཅོལ་ཡུལ་དང་། མ་འོངས་ཁྱིམ་ཚང་གི་རེ་ལྟོས་བྱ་ཡུལ་དུ་གྱུར།

    “ཨ་མ་ཚེ་ལས་འདས་པས་ཕ་ལ་སྡུག་བསྔལ་ཆེན་པོ་བྱུང་སོང་། སྐད་ཆ་མང་པོ་མི་ཤོད་ལ། དུས་རྒྱུན་གནས་ངེས་མེད་དུ་མིག་ཟུང་ཅེ་རེར་གཟིགས་ནས་ཧད་དེ་སྡོད་ཀྱི་འདུག”ཅེས་བུ་ཡོན་ཏན་རྒྱ་མཚོས་ང་ཚོར་དེ་ལྟར་བརྗོད་ཅིང་། ཁོང་གིས“ཨ་མ་ཚེ་ལས་འདས་པའི་ལོ་དེར། ང་ལྷུན་རྩེ་རྫོང་དུ་སློབ་འབྲིང་འགྲིམས་བཞིན་ཡོད། རང་གི་ཁྱིམ་ཚང་དུ་ཐོན་པའི་གཅིག་རྗེས་གཉིས་མཐུད་ཀྱི་ཆག་སྒོ་དག་དྲན་དུས། ངའི་སེམས་པ་སློབ་སྦྱོང་ལ་གཏན་ནས་གནས་ཐབས་བྲལ་སོང་། འཇིག་རྟེན་ཕྱི་མར་བཞུད་ཟིན་པའི་ཨ་མ་དང་ཨ་ཅག་ཧ་ཅང་དྲན་ལ། ཤུལ་དུ་ལུས་པའི་ཨ་ཕའི་ངོ་གདོང་སྐྱ་བོ་དེ་མིག་མཐར་ཡང་ཡང་འཁོར་ནས། མཚན་མོ་མང་པོའི་རིང་ངས་མལ་སའི་གཏིང་དུ་འཛུལ་ཏེ་སློབ་གྲྭར་མུ་མཐུད་འགྲོ་མིན་ཐད་བསམ་བློ་མང་པོ་བཏང་བ་ཡིན”ཞེས་ང་ཚོར་དེ་ལྟར་བརྗོད།

    2014ལོར་ཡོན་ཏན་རྒྱ་མཚོ་རྫོང་སློབ་འབྲིང་ནས་སློབ་གྲྭ་ཐོན་པ་དང་། ཁོང་གི་ལག་ཏུ་རང་ཉིད་ལྷོ་ཁ་གྲོང་ཁྱེར་མཐོ་འབྲིང་དང་པོར་ཡིག་རྒྱུགས་འཕྲོད་པའི་སློབ་བསྡུའི་བརྡ་ཐོ་འབྱོར། སློབ་བསྡུའི་བརྡ་ཐོ་ལག་ཏུ་འབྱོར་དུས། ཡུན་རིང་འཁྱག་གྲང་གི་གདུང་བས་གཙེས་པའི་ཡོན་ཏན་རྒྱ་མཚོའི་སེམས་པ་དགའ་བ་འབུམ་གྱིས་མྱོས་ཏེ། སེམས་ལ་སྔར་བྱུང་མྱོང་མེད་པའི་དྲོད་ཁོལ་ཅིག་ངང་གིས་རྒྱས་བྱུང་མོད། མིག་མདུན་གྱི་ཁྱིམ་ཚང་གི་གནས་ཚུལ་དེ་དག་མཐོང་དུས། ཁོའི་སེམས་པ་དེ་མ་ཉིད་དུ་བློང་བློང་པོར་གྱུར། ཉིན་འགའ་ཤས་རིང་། ཡོན་ཏན་རྒྱ་མཚོའི་སེམས་པ་ལྷོད་ལ་འབབ་ཐབས་གཏན་ནས་མ་བྱུང་། རང་མཉམ་གྱི་སློབ་མ་གཞན་དང་འདྲ་བར་མུ་མཐུད་སློབ་གྲྭར་འགྲོའམ། ཡང་ན་ཁྱིམ་དུ་བསྡད་དེ་ཕ་དང་ལྷན་དུ་ཁྱིམ་ཚང་སྐྱོང་དགོས། མ་གཞི་བྱས་ན་ཁོང་ཡང་ན་མཉམ་གཞོན་ནུ་ཚོ་དང་འདྲ་བར་སློབ་གྲྭར་འགྲོ་འདོད་ཧ་ཅང་ཆེ། འོན་ཀྱང་། ཁྱིམ་ཚང་དུ་ངལ་རྩོལ་ནུས་ཤུགས་ཉུང་བས། དབུལ་སྐྱོར་ཁྱིམ་ཚང་གི་གྲལ་དུ་ཚུད་པ་དང་། ཨ་ཕའི་གཟུགས་གཞི་ཐང་པོ་མེད་པས་ཨ་ཕར་ཡང་ལྟ་རྟོག་བྱེད་མཁན་མེད་སྟབས། ལོ་ན་མཐོ་བའི་ཕ་རྒན་གཅིག་པུ་བསྐྱུར་ནས་ཁོ་རང་སློབ་གྲྭར་འགྲོ་ག་ལ་ཕོད། དེ་ལྟར་ཁོ་རང་སློབ་གྲྭར་འགྲོ་འདོད་ཀྱི་འདུན་པ་དེ་ནུབ་མཁའི་མཚམས་སྤྲིན་ཇི་བཞིན་དལ་བུར་ཡལ་ཞིང་། ད་ནི་དཀའ་སྡུག་གི་འཚོ་བར་མགོ་བསྒུར་ནས་བསྡད་ན་མི་འགྲིག་སྙམ་སྟེ། སྙིང་སྟོབས་རབ་བསྐྱེད་ཀྱིས་ཕ་ཡུལ་དུ་ལོག་ནས་ཁྱིམ་ཚང་གི་གདུང་མ་འདེགས་རྒྱུའི་སེམས་ཐག་བཅད་པ་དང་། སྔ་ཙམ་དབུལ་པོ་ནས་སྒྲོལ་ཐུབ་པའི་ཆོད་སེམས་བཅངས།

    ནམ་ཡང་དབུལ་པོའི་མིང་འཁུར་མི་འདོད།

    ཁྱིམ་དུ་ལོག་རྗེས། ཡོན་ཏན་རྒྱ་མཚོའི་སེམས་སུ་རྟག་ཏུ་རྒྱལ་ཁབ་ལ་ལག་པ་བརྐྱངས་ཏེ་སྒུག་བརྟེན་སློང་གསུམ་ཁོ་ནར་སྐྱབས་བཅོལ་ནས་བསྡད་ན། དེ་ནི་རྒྱུན་རིང་གི་འཚོ་ཐབས་ཤིག་མིན་ལ། དེ་བས་ཡུལ་མི་གཞན་ལའང་ངོ་ཚ་དགོས་པ་ཞིག་ཡིན་པའི་ངེས་ཤེས་རྙེད་དེ། ངེས་པར་དུ་རང་གི་བློ་གྲོས་དང་དཀའ་སྤྱད་ཀྱི་ལག་ཟུང་ལ་བརྟེན་ནས་ལག་རྩལ་སྣ་གཅིག་སྦྱངས་ཏེ། གྲོང་ཚོའི་དུད་ཚང་གཞན་དང་འདྲ་བར་མགྱོགས་མྱུར་དབུལ་པོའི་ཞྭ་མོ་འབུད་རྒྱུའི་སེམས་ཐག་བཅད། ཕ་ཡིས་རང་ཁྱིམ་དུ་དུད་འགྲོའི་གཡོག་བྱེད་པ་དང་། ཞིང་ལས་གཉེར་སྐྱོང་གི་འགན་འཁུར་བ་དང་། ཡོན་ཏན་རྒྱ་མཚོས་གྲོང་ཚོའི་ཡུལ་མི་གཞན་དང་ལྷན་དུ་ཆུ་ཡུར་བཟོ་བ་དང་། ཨར་ལས་རུ་ཁག་ཏུ་ལས་མིར་སོང་ནས་ཞོར་ལས་ཡོང་འབབ་གསོག་པ་སོགས་བྱས་ཏེ། ཁྱིམ་ཚང་གི་ཡོང་འབབ་འཕར་རྒྱུར་འབད། འོན་ཀྱང་། ཨར་ལས་རུ་ཁག་ཏུ་གླ་པ་བྱེད་རྒྱུ་དེའང་ལས་སླ་པོ་ཞིག་མ་ཡིན་ཏེ། ཉིན་ལྟར་རང་ཉིད་ཀྱི་ལུས་པོས་ཐེག་དཀའ་བའི་ས་རྡོ་སྒལ་པར་ཁུར་དགོས་པ་དང་། རང་ཉིད་ཀྱི་གཟུགས་པོ་ལས་ཀྱང་རིང་བའི་སྦྱག་མ་ལག་ཏུ་བཟུང་སྟེ་ཨར་འདམ་བརྫི་དགོས་པས། ཁོས་ད་གཟོད་ཤིན་ཏུ་ནས་ཨ་ཐང་ཆད་པའི་ཨར་པོའི་ལས་ཀ་དེ་རང་ཉིད་དང་འཚམ་པོ་མེད་པར་རྟོགས་ཤིང་། ད་བར་རིག་གནས་སྦྱངས་ཏེ་ཨར་པོ་བ་དཀྱུས་མ་ཞིག་བྱས་ན་འགྲིག་མ་སོང་སྙམ་སྟེ། ངེས་པར་དུ་རང་ཁ་རང་གསོ་ཐུབ་པའི་ལག་རྩལ་ཞིག་སྦྱོངས་དགོས་འདུག་སྙམ། སྐབས་དེ་འདྲ་ཞིག་ལ། ཡུལ་དེའི་སྦྱིན་བདག་བག་གྲོས་རང་ཉིད་ཀྱི་སྔོ་ཚལ་འདེབས་འཛུགས་ཁང་དུ་ལས་མི་བསྡུ་བཞིན་ཡོད་པའི་གནས་ཚུལ་ཞིག་ཁོང་གིས་ཐོས། སྦྱིན་བདག་བག་གྲོ་ནི་ཡུལ་དེ་ག་ནས་འཚར་ལོངས་བྱུང་བའི་ཁེ་ལས་པ་གྲགས་ཅན་ཞིག་ཡིན་ཞིང་། ཁོང་ནི་གྲུབ་འབྲས་གཟེངས་སུ་ཐོན་པའི་ཁེ་ལས་པ་གྲགས་ཅན་ཞིག་ཡིན་པ་མ་ཟད། སེམས་བཟང་གཤིས་རྒྱུད་དྲང་བའི་མི་ཞིག་ཀྱང་ཡིན་ཏེ། ཉེ་བའི་ལོ་ཤས་རིང་། ཁོང་གིས་རང་ཉིད་ཕྱུག་པོ་ཆགས་རྗེས་ཡུལ་མི་སྤུན་མཆེད་མ་བརྗེད་པར། མ་དངུལ་འབོར་ཆེན་བཏང་སྟེ་སྒེར་སེམས་མེད་པར་དུད་ཚང་དབུལ་པོ་8ལ་ཁང་པ་གསར་པ་བརྒྱབ་པ་མ་ཟད། རང་ཉིད་ཀྱི་ལས་མི་རྣམས་བྱམས་དང་བརྩེ་བས་བསྐྱངས་ཏེ་རང་ནུས་ཅི་ལྕོགས་ཀྱིས་ཁོང་ཚོར་རོགས་པ་མང་པོ་བྱེད་ཀྱི་ཡོད་པས། མི་ཚང་མས་ཁོང་གི་སྐོར་ཐོས་སྐབས་དེ་མ་ཐག་མཐེ་བོང་མཁའ་ལ་འགྲེངས་ནས་བསྟོད་པའི་མེ་ཏོག་གཏོར་བཞིན་ཡོད།

    ཡོན་ཏན་རྒྱ་མཚོའི་བསམ་པར། རང་ཉིད་ཐག་རིང་དུ་ལག་རྩལ་སྦྱོང་བར་ཕྱིན་ན་ཕ་ལ་ལྟ་རྟོག་བྱེད་མཁན་མེད་པས། ངེས་པར་དུ་རང་ས་རང་ཡུལ་དུ་བསྡད་དེ་ལས་ཀ་ཞིག་འཚོལ་རྒྱུའི་འཆར་གཞི་བཏིངས། བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་མཐར། ཁོང་གིས་ད་གཟོད་རང་གི་ཕ་ཡུལ་བྲ་འོར་གྲོང་ཚོར་བཙུགས་པའི་སྔོ་ཚལ་འདེབས་འཛུགས་མཉམ་ལས་ཁང་དུ་ལས་ཞུགས་ཐུབ་པའི་རེ་བ་བཅངས། 2014ལོའི་ལོ་མཇུག་ཏུ། ཡོན་ཏན་རྒྱ་མཚོས་སྦྱིན་བདག་བག་གྲོ་བཙལ་ཏེ། རང་ཉིད་ཀྱི་ཁྱིམ་ཚང་གི་གནས་ཚུལ་ཇི་མ་ཇི་བཞིན་ཁོང་ལ་ཞུས་ཏེ། རང་ཉིད་ས་ཐག་རིང་པོར་ལས་སྒུག་བྱེད་པར་འགྲོ་དགོས་མེད་པར་རང་ས་རང་ཡུལ་དུ་ལས་ཞུགས་ཡོང་བའི་རེ་འདུན་ཞུས་པས། སྦྱིན་བདག་བག་གྲོས་ཡོན་ཏན་རྒྱ་མཚོའི་རིག་གནས་རྨང་གཞིའི་བྱང་ཚད་དང་། ཁོའི་ཁྱིམ་ཚང་གི་གནས་ཚུལ་ལ་གཞིགས་ནས་སྔོ་ཚལ་འདེབས་འཛུགས་མཉམ་ལས་ཁང་དུ་ལས་ཀར་ཡོང་རྒྱུར་མོས་མཐུན་བྱས།

    བྲ་འོར་གྲོང་ཚོའི་སྔོ་ཚལ་ཆེད་ལས་མཉམ་ལས་ཁང་དུ་ལས་ཞུགས་ཐུབ་པའི་ཉིན་དང་པོ་ནས་བཟུང་། ཡོན་ཏན་རྒྱ་མཚོས་རང་ཉིད་ལ་རེ་བ་ནན་པོ་བཅོལ་ཏེ། སྔ་དགོང་གཉིས་སུ་རང་ཁྱིམ་གྱི་ལས་ཀ་ཙག་ཙིག་བྱེད་པ་ཕུད། དེ་བྱིངས་ཀྱི་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚོད་ཕལ་ཆེ་བ་མཉམ་ལས་ཁང་ནང་དུ་བསྐྱལ་ནས། ས་སློག་རྒྱག་སྟངས་དང་། མྱུ་གུ་གསོ་སྟངས། ལུད་རྒྱག་སྟངས་སོགས་སྔོ་ཚལ་འདེབས་འཛུགས་ཀྱི་རྨང་གཞི་ནས་འགོ་བརྩམས་ཏེ། ཆུ་གཏོང་སྟངས་དང་། དྲོད་ཚད་སྙོམ་སྒྲིག་བྱེད་ཐབས། ཡུར་མ་ཡུར་སྟངས། ནད་འབུ་སྔོན་འགོག་བྱེད་ཐབས། ཚལ་འཐུ་སྟངས་སོགས་རེ་རེ་བཞིན་བློ་ཞིབ་མོས་སྦྱངས་པ་དང་། ལས་མི་གཞན་དང་འབྲེལ་འདྲིས་གཏིང་ཟབ་བྱས་ནས་སྒྱིད་ལུག་མེད་པར་རང་འཁྲིའི་ལས་ཀར་འབད་པ་ལྷུར་ལེན་བྱས་པས། ཟླ་གཉིས་ཙམ་ལས་མ་འགོར་བར། ཁོང་གིས་སྔོ་ཚལ་འདེབས་འཛུགས་ཐད་ཀྱི་ལག་རྩལ་མང་ཆེ་བར་ནང་བྱན་ཆུད། སྦྱིན་བདག་བག་གྲོས་ཡོན་ཏན་རྒྱ་མཚོའི་ལས་ཀའི་ཧུར་སེམས་དང་། ཡ་རབས་གཞུང་དྲང་གི་གཤིས་ཀ རྒྱ་བོད་སྐད་གཉིས་ལ་ཐོགས་པ་མེད་པའི་སྨྲ་ལྕེ། སྔོ་ཚལ་འདེབས་འཛུགས་ཀྱི་ལག་རྩལ། ཁོང་གི་རིག་གནས་རྨང་གཞིའི་བྱང་ཚད་སོགས་ལ་གཞིགས་ནས་ཡོན་ཏན་རྒྱ་མཚོ་རྒྱ་ཁྱོན་སྨི་ངོས་གྲུ་23000དང་སྔོ་ཚལ་ཁང་པ་45ཡོད་པའི་བྲ་འོར་གྲོང་ཚོའི་སྔོ་ཚལ་ཆེད་ལས་མཉམ་ལས་ཁང་གི་འགན་ཁུར་དོ་དམ་མི་སྣར་བདམས།

    སྦྱིན་བདག་གི་གདེང་འཇོག་ཁས་ལེན་ཐོབ་པས། ཡོན་ཏན་རྒྱ་མཚོས་རང་ཉིད་ལ་ཆོད་སེམས་བརྟན་པོ་བཞག་སྟེ། ངེས་པར་དུ་སྦྱིན་བདག་གི་བཀའ་དྲིན་སེམས་དབུས་སུ་བཞག་ནས། རང་འཁྲིའི་ལས་ཀ་རྣམས་འཕྱུགས་པ་མེད་པར་ཧུར་ཐག་བསྒྲུབ་རྒྱུའི་སེམས་ཤུགས་ཇེ་ཆེར་འཕེལ་ཏེ། སྦྱིན་བདག་གིས་བཀོད་སྒྲིག་གནང་བའི་ལས་ཀ་རྣམས་ནར་འགྱངས་མེད་པར་དུས་ཐོག་ཏུ་བསྒྲུབས་པ་དང་། རང་འགུལ་ངང་སློབ་སྦྱོང་བྱས་ཏེ་རང་ཉིད་ཀྱི་སྔོ་ཚལ་འདེབས་འཛུགས་ཐད་ཀྱི་ལག་རྩལ་གོང་མཐོར་འགྲོ་རྒྱུར་འབད་བརྩོན་བྱས་པ་མ་ཟད། ནམ་ནམ་ཞར་ཞར་དུ་ཚལ་མངགས་ཉོ་བྱེད་མཁན་གྱི་འཛད་སྤྱོད་པའི་ཚལ་ཐོར་གཞིགས་ནས་ཚལ་རིགས་དུས་ཐོག་ཏུ་སྐྱེལ་བ་དང་། ཚལ་བཙོངས་པའི་རིན་པ་གཅིག་གཅིག་གཉིས་གཉིས་ཀྱིས་རྩིས་ཁྲར་འཇུག་པ་སོགས་བྱས་པས། ད་བར་ཁོང་གིས་རྩིས་པའི་འགན་འཁུར་རིང་རྩིས་ཁྲ་དང་དངུལ་སྨར་གཅིག་མཚུངས་ཡིན་པ་ལས་དངུལ་ཆད་ལྷག་གི་གནས་ཚུལ་གཏན་ནས་ཐོན་མ་མྱོང་། ཡོན་ཏན་རྒྱ་མཚོའི་ལས་ཀའི་ཧུར་སེམས་རེ་རེ་དང་ལས་ཀར་འཛིན་པའི་ནན་ཏན་གྱི་ཆ་དེས་སྦྱིན་བདག་གི་ཡིད་ཆེས་ཆེན་པོ་ཐོབ་སྟེ། ཡོན་ཏན་རྒྱ་མཚོར་ཟླ་རེར་གླ་ཆ་སྒོར་3000དང་། ལོ་མཇུག་ཏུ་བྱ་དགའི་དངུལ་ཡང་སྤྲད་པ་མ་ཟད། 2017ལོར་སྦྱིན་བདག་རང་ཉིད་ནས་མ་དངུལ་བཏོན་ཏེ་ཡོན་ཏན་རྒྱ་མཚོ་ཕ་བུ་གཉིས་ལ་ཁང་པའང་གསར་པ་བརྒྱབ། སྲིད་གཞུང་གི་དབུལ་སྐྱོར་སྲིད་ཇུས་བཟང་པོའི་རོགས་སྐྱོར་དང་། ཕྱུག་འགྱུར་སྣེ་ཁྲིད་མི་སྣའི་ཕྱར་བ་གྲུ་འདེགས་ཀྱི་རོགས་རམ། རང་ཉིད་ཀྱི་ལག་ཟུང་དྲོན་མོའི་འབད་བརྩོན་འོག ཁོང་ཕ་བུ་གཉིས་ཀྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ཕུན་སུམ་ཇེ་ཚོགས་དང་། ཇེ་དགའ་ཇེ་སྐྱིད་དུ་ཕྱིན་ཏེ་མུ་མཐུད་བདེ་སྐྱིད་ཀྱི་ཁྱིམ་གཞིས་འཛུགས་སྐྲུན་གྱི་སླད་དུ་འབད་འབུངས་བྱེད་རྒྱུའི་སེམས་ཤུགས་ཀྱིས་ཁེངས། 2017ལོའི་ལོ་མཇུག་ཏུ། ཡོན་ཏན་རྒྱ་མཚོས་རང་གིས་བསགས་པའི་དངུལ་ནས་སྒོར་ཁྲི་2ལྷག་ཙམ་བཏོན་ཏེ་འཛིན་ཆས་གསར་པ་ཉོས་པ་དང་། ཁང་པའི་ཕྱི་ནང་དུ་གཙང་སྦྲ་རྒྱུན་འཁྱོངས་བྱས་པས། ད་ལྟ་ཁོང་ཕ་བུ་གཉིས་ཀྱི་ཁང་པ་ཁང་བཀྲག་ཆེ་ལ་གཙང་སྦྲ་དོད་པ་དང་། གསར་དུ་ཉོས་མ་ཐག་པའི་ཆ་སྒམ་དང་ལྕོག་ཙེ་སོགས་ཀྱི་འཛིན་ཆས་གསར་པ་དེ་དག་ལ་ཉི་མའི་འོད་ཟེར་འཕྲོས་ཐེངས་རེར་སྣུམ་ཐིང་ཐིང་བྱེད།

    2016ལོ་ནས་བཟུང་སྟེ་ཡོན་ཏན་རྒྱ་མཚོ་གྲོང་ཚོའི་ནགས་སྲུང་བར་བདམས་ཤིང་། ཕས་བུའི་ཚབ་བྱས་ཏེ་ཞིང་ལས་ཀྱི་ཞོར་དུ་ནགས་ཚལ་སྲུང་བར་འགྲོ་བཞིན་ཡོད་ཅིང་། ལོ་རེར་ཡོང་འབབ་སྒོར་3500ཙམ་ཡོང་གི་ཡོད་ལ། དེའི་ཐོག་ལོ་ལྟར་ཁོང་ཚོའི་ཁྱིམ་ཚང་ལ་སྲིད་ཇུས་རང་བཞིན་གྱི་ཁ་གསབ་རོགས་དངུལ་ཀྲིག་ཅར་དུ་ལེན་རྒྱུ་ཡོད་པས། སྔོན་ཆད་དབུལ་ཞིང་ཕོངས་པའི་སྐྱ་ཐེར་ཐེར་གྱི་ཁྱིམ་ཚང་དེ་ད་ཆ་སྐྱེ་སྟོབས་ཀྱི་གསོན་ཤུགས་འཕྱུར་འགོ་ཚུགས་པ་དང་། ཡུན་རིང་དཀའ་སྡུག་གི་འཚོ་བའི་གནོན་ཤུགས་འོག་དབུགས་ཀྱང་འབྱིན་རྔུབ་དཀའ་བའི་ཁོང་ཕ་བུ་གཉིས་ཀྱི་ངོ་གདོང་ནས་སྐྱིད་པའི་སྣུམ་ཞག་ཚིལ་ཚིལ་བྱེད་ལ། དྭངས་གཙང་གཡའ་དག་གི་མིག་འབྲས་ཀྱི་མཐའ་ནས་རེ་བ་དང་ཡིད་ཆེས་ཀྱི་འོད་སྣང་ཞིག་ངང་གིས་འཕྲོས་འོངས།

    “དབུལ་སྐྱོར་སྲིད་ཇུས་བཟང་པོའི་རོགས་སྐྱོར་དང་། ཕྱུག་འགྱུར་སྣེ་ཁྲིད་མི་སྣའི་རྒྱབ་སྐྱོར་འོག ང་ཚོ་གཞི་ནས་བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་སོང”སྐད་ཆ་དེ་དག་རྗོད་དུས། ཡོན་ཏན་རྒྱ་མཚོའི་ཁྲ་རིལ་རིལ་གྱི་མིག་ཟུང་གི་ཀློང་ནས་དྭངས་གཙང་དང་གཡའ་དག་གི་ཆ་ཞིག་མངོན་ཡོང་ཞིང་། ཁོང་གིས“ངས་མུ་མཐུད་ཕ་ལ་ལྟ་རྟོག་བྱེད་ཞོར་རང་གི་ཁྱིམ་ཚང་འདི་ཧུར་ཐག་བསྐྱངས་ནས། མགྱོགས་མྱུར་ཕྱུག་པོའི་ལམ་དུ་སྐྱོད་ཐུབ་པ་བྱ་རྒྱུ་ཡིན་ལ། སྦྱིན་བདག་བག་གྲོར་སློབ་སྦྱོང་བྱས་ནས། རང་ཉིད་ཕྱུག་པོ་ཆགས་ན་དབུལ་པོའི་གནས་སུ་ལྷུངས་པའི་གྲོང་པ་ཁྱིམ་མཚེས་རྣམས་ལ་རང་ནུས་ཅི་ལྕོགས་ཀྱིས་རོགས་པ་བྱ་རྒྱུ་ཡིན”ཞེས་བརྗོད།

    2017ལོར། ཡོན་ཏན་རྒྱ་མཚོས་རང་ཉིད་ཀྱི་སྔོན་ཆད་ཀྱི་དམ་བཅའ་ལྟར། ཤང་མི་དམངས་སྲིད་གཞུང་ལ་སྙན་ཞུ་ཕུལ་ཏེ་རང་མོས་ངང་དབུལ་སྐྱོར་བྱ་ཡུལ་གྱི་གྲལ་ནས་ཕྱིར་ཐོན་པ་དང་། སྔོ་ཚལ་འདེབས་འཛུགས་མཉམ་ལས་ཁང་གི་ལག་རྩལ་པ་དང་དོ་དམ་པའི་འགན་གཅིག་ལྕོགས་ཁུར་ཏེ། རྩིས་ཁྲ་ཁ་གསལ་བཟོ་བ་དང་། དངུལ་སྨར་ཆད་ལྷག་གི་གནས་ཚུལ་མ་ལྷག་པར་བྱེད་པ་མ་ཟད། རང་གིས་ཤེས་པའི་སྔོ་ཚལ་འདེབས་འཛུགས་ཀྱི་ལག་རྩལ་མཐའ་དག་རེ་རེ་བཞིན་གནས་དེའི་ལས་མི་ཚོར་བུམ་པ་གང་བྱོའི་ཚུལ་དུ་སློབ་བཞིན་ཡོད། ང་ཚོས་ཁོང་ལ་དབུལ་སྐྱོར་གྱི་གྲལ་ནས་དོན་རྒྱུའི་བསམ་བློ་ཇི་ལྟར་འཁོར་མིན་སྐོར་བཅར་འདྲི་ཞུས་པས། ཡོན་ཏན་རྒྱ་མཚོས། “དབུལ་པོའི་གནས་ལས་ཐར་དགོས་ན་སོ་སོའི་ལག་པར་རྟེན་དགོས་པ་རེད། རང་གིས་དཀའ་ལས་བརྒྱབ་པའི་ལྟོ་ཆས་ཀྱི་བྲོ་བའང་ཞིམ་པ་ཡོད། ད་ལྟ་ངེད་ཚང་ལ་མཚོན་ན་ཟས་གོས་ལ་སེམས་ཁྲལ་མེད་ཅིང་། དེའི་ཐོག་ངེད་ཕ་བུ་གཉིས་ལ་གླ་ཆ་ཀྲིག་ཅར་དུ་ལེན་རྒྱུ་ཡོད་པས། ད་དུང་ལུས་རྒྱགས་ཀྱང་སེམས་མ་བརྒྱགས་པར་རྒྱལ་ཁབ་ཀྱི་སྐྱོབ་གསོ་བཟས་ནས་བསྡད་ན། དེ་ནི་ཧ་ཅང་ངོ་ཚ་དགོས་པ་ཞིག་རེད། ད་ནི་ངས་ནམ་ཡང་དབུལ་པོའི་མིང་འཁུར་མི་འདོད”ཅེས་བརྗོད། བཅར་འདྲི་མཇུག་འགྲིལ་ལ་ཉེ་དུས། ང་ཚོས་ཁོང་གི་ཕ་བསོད་ནམས་བསྟན་འཛིན་ལ་འབྱུང་འགྱུར་གྱི་ཁྱིམ་ཚང་གི་ལས་ཀའི་གནས་ཚུལ་དྲིས་པར། ཁོང་གིས་འཛུམ་དམུལ་དམུལ་ངང་། “ཆུང་དུས་འཚོ་བའི་ཆ་རྐྱེན་ཧ་ཅང་ཞན་པས། ང་དང་བཟའ་ཟླ་དམ་པ་དེ་ཆང་ས་རྒྱག་སྐབས་གཉེན་སྟོན་ངོ་དྲག་པ་ཞིག་བྱ་རྒྱུ་ལྟ་ཅི། ཐ་ན་སློང་ཆང་ཡང་གཏོང་མ་ཐུབ་པར་མཉམ་དུ་འདུས་སྒྲིལ་བརྒྱབ་པ་ཙམ་རེད། འབྱུང་འགྱུར་ངས་རང་གི་བུ་ལ་མནའ་མ་ལེན་སྐབས་གཉེན་སྟོན་གྲ་རྒྱས་པོ་ཞིག་བྱ་ཐུབ་པ་བྱ་རྒྱུ་ཡིན”ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།