[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • སྙེ་མའི་མགོ་ལྕོག་ལྡེམ། ལོ་ལེགས་ཡོང་བའི་རྟགས།

    ​ ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-07-27

    533755_yis_1531978995826.jpg

    འདི་ནི་ལོ་ལེགས་ཡོང་ཉེར་ཡོད་པའི་ཡར་ཀླུང་གཞུང་གི་ས་ཞིང་ཡིན་པ།

    533754_yis_1531978994828.jpg

    འདི་ནི་སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་ཞྭ་མདའ་བ་མོ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་ཁོངས་མིས་བ་ཚང་དུ་བ་མོར་ལྟ་བའི་གནས་ཚུལ་ཡིན་པ།

    533753_yis_1531978993783.jpg

    འདི་ནི་ལྷུན་རྩེ་རྫོང་གི་ཞིང་པས་སྔོ་ཚལ་དྲོད་ཁང་ནང་སོ་ལོ་སྔོན་པོ་འཐུ་བའི་གནས་ཚུལ་ཡིན་པ།

    གླེང་གཞི།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་དང་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ། ཞིང་འབྲོག་ལས་ཀྱི་ཐོན་ལས་ཀྱི་གྲུབ་ཆ་ལེགས་འགྱུར་དང་ཞིང་འབྲོག་ལས་ཀྱི་སྣོད་བཅུད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་དང་ཞིང་འབྲོག་པའི་རྩལ་ནུས་མཐོར་གཏོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་ཞིང་འབྲོག་ལས་ཀྱི་ལེགས་ཆ་གསར་པ་སྐྱེད་སྲིང་ཧུར་ཐག་བྱས་ནས་གྲོང་ཁྱེར་དེ་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་དཔལ་འབྱོར་རྒྱུན་སྲིང་དང་། བརྟན་པོ། མྱུར་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

    སྙེ་མའི་རྦ་རླབས་ལང་ལོང་འཕྱུར།

    ཞིང་ལས་ཐོན་སྐྱེད་བརྟན་འཕར་བྱུང་།

    ཡར་ཀླུང་གི་ས་གཞི་ཡངས་པོ་རུ་སྐྱོད་སྐབས་སྣེ་གདོང་ཆུས་སྐྱེད་པ་ཤང་གི་དྲོད་ཁང་ནང་གི་འབྲི་ཏ་ས་འཛིན་བྲིན་ཁ་རྒྱུག་པ་དང་། མཚོ་སྣ་རྫོང་སླད་ཤང་གིས་རི་མཐོའི་ཇ་ཞིང་འདེབས་འཛུགས་བྱེད་རྒྱ་ཆེ་རུ་སོང་བ། གྲ་ནང་རྫོང་གྲ་ཕྱི་ཤང་གི་འཕྲུལ་འདེབས་ནས་ཞིང་སྐྱེས་བཟང་བ། མཚོ་སྨད་རྫོང་གྲི་གུ་རྩྭ་ཐང་ཐོག་གི་ནོར་ལུག་ཤ་ཤེད་རྒྱས་པ་སོགས་མིག་ལམ་དུ་མངོན་ཐུབ།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱི་ཞིང་ལས་ཐོན་སྐྱེད་བརྟན་ཐོག་ཡར་འཕེལ་དང་ཡག་ཐོག་ལེགས་བརྩོན་བྱུང་ཡོད། 2017ལོར་གྲོང་ཁྱེར་དེ་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་འདེབས་འཛུགས་བྱེད་རྒྱ་མུའུ་ཁྲི་50.45ཟིན་པ་དང་། འབྲུ་རིགས་དང་། དཔལ་འབྱོར་སྐྱེ་དངོས། གཟན་རྩྭ་བཅས་འདེབས་འཛུགས་བྱེད་རྒྱའི་བསྡུར་ཚད་70:18:12སུ་ལེགས་སྒྲིག་བྱས་པ། འབྲུ་རིགས་ཀྱི་ཐོན་འབོར་ཏུན་ཁྲི་16.33ཟིན་པ་དེ་དུས་མཚུངས་ལས་2.5%འཕར་བ(དེའི་ཁྲོད་ནས་ཀྱི་ཐོན་ཚད་ཏུན་ཁྲི་10.12ཟིན་པ་དེ་དུས་མཚུངས་ལས་22%འཕར་བ) སྔོ་ཚལ་ཐོན་ཚད་ཏུན་ཁྲི་7.2ཟིན་པ་དེ་དུས་མཚུངས་ལས་2.7%འཕར་བ། པད་ཁ་ཐོན་ཚད་ཏུན་ཁྲི་1.26ཟིན་པ། ཟངས་རི་དང་། སྣེ་གདོང་། རྒྱ་ཚ། མཚོ་སྣ། ལྷོ་བྲག་བཅས་རྫོང་ལྔ་ཡིས་ནས་མུའུ་རེའི་ཐོན་ཚད་སྤྱི་རྒྱ་25བར་མཐོ་རུ་གཏོང་བའི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་བྱུང་ཡོད།

    དེས་མ་ཚད། ལྷོ་ཁ་གྲོང་ཁྱེར་གྱིས་ད་དུང་མུའུ་ཁྲི་5.42ཡོད་པའི་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞི་བཙུགས་པ་དང་། ཐོན་ཚད་མཐོ་བའི་ཞིང་ཁ་མུའུ་ཁྲི་25གསར་འདེབས་བྱས་པ། ས་དཔྱད་ལུད་སྦྱོར་བྱེད་ཚད་མུའུ་ཁྲི་26བར་རྒྱ་སྐྱེད་བཏང་ཡོད། “དགུན་ནས་ཨང་18”ཀྱི་སོན་གསར་དང་། ལྷུན་རྩེའི་ནས་ནག གོང་དཀར་འཕྲེང་འགོའི་ཞོག་དམར། རྒྱ་ཚའི་སྟར་ཁ་སོགས་ལེགས་ཆ་ལྡན་པའི་ཞིང་ལས་སྐྱེ་དངོས་དང་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་ཁག་གཅིག་སྔར་བས་ཁྱབ་གདལ་བཏང་ཡོད།

    ཡར་ཀླུང་རྨོ་ཞིང་གསེར་ལས་ལྷག

    ཞིང་འབྲེལ་ཐོན་ལས་དར་ཞིང་རྒྱས།

    སྣེ་གདོང་ཆུས་སྐྱེད་པ་ཤང་གི་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པའི་ཆུ་ཡུར་ཞིག་གི་འགྲམ་དུ་རྡོ་གཡམ་གྱི་གྱང་ལ་དཀར་རགས་བཏང་བའི་ཆུ་འཁོར་ཁང་བཞི་ཡོད་པ་དེ་དག་ཆུ་ཤུགས་ལ་བརྟེན་ནས་རྩམ་པ་འཐག་བཞིན་ཡོད།

    “དེ་སྔ་ཉིན་གཅིག་ལ་རྩམ་པ་སྤྱི་རྒྱ་40ལས་འཐག་མི་ཐུབ་པ་དང་། ད་ཆ་ཆུ་འཁོར་ཁང་དུ་ཉིན་གཅིག་ལ་རྩམ་པ་སྤྱི་རྒྱ་7500འཐག་ཐུབ”ཅེས་ཆུ་འཁོར་ཁང་དེའི་རྩམ་པ་ལས་སྣོན་བཟོ་གྲྭའི་ཅིང་ལི་གཞོན་པ་དཔལ་ལྡན་རིག་འཛིན་གྱིས་བཤད། མིག་སྔར་བཟོ་གྲྭ་དེ་ནས་ཐོན་སྐྱེད་བྱས་པའི་རྩམ་པ་སྤུས་ཀ་དག་པས་ཁྲོམ་རར་བྲིན་ཁ་རྒྱུག་ལ་ལྷོ་ཁའི་སློབ་གྲྭ་འབྲིང་ཆུང་28ཀྱི་ཟ་ཁང་དུའང་སྤྱོད་ཀྱི་ཡོད།

    དེ་ནི་ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་ཞོར་ཐོན་རྫས་ཞིབ་ལས་ཅན་ལ་སྐུལ་འདེད་བཏང་ནས་ཞིང་ལས་ཐོན་ལས་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསྡུས་རིས་ཙམ་རེད།

    2017ལོར། ལྷོ་ཁ་གྲོང་ཁྱེར་དུ་ཁྱོན་བསྡོམས་རིཌ་ཁག་གི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་1242ཡོད་པར་ལོ་ཧྲིལ་པོར་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་3.33དང་ཁེ་གཙང་སྒོར་དུང་ཕྱུར་1.2ཟིན་གྱི་ཡོད་ཅིང་། མི་གྲངས་30908སྐུལ་ཁྲིད་ཐུབ་པ་དང་མི་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་3882ཟིན་པའི་ནང་མཉམ་ལས་ཁང་གི་ཁོངས་མི་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་5163ཟིན་གྱི་ཡོད། གྲོང་ཁྱེར་དེ་ཡོངས་སུ་ཞིང་འབྲེལ་ཁེ་ལས་54ཡོད་པའི་ནང་རང་སྐྱོང་ལྗོངས་རིམ་པའི་སྣེ་འདྲེན་ཁེ་ལས་2དང་། གྲོང་ཁྱེར་རིམ་པའི་སྣེ་འདྲེན་ཁེ་ལས་8ཡོད་པར་ལོ་ཧྲིལ་པོར་ཐོན་སྐྱེད་རིན་ཐང་བསྡོམས་སྒོར་དུང་ཕྱུར་2.4ཟིན་པ་དང་། ཁེ་སྤོཌ་བསྡོམས་འབོར་སྒོར་དུང་ཕྱུར་0.47ཟིན་པ། མི་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་4100ཟིན་གྱི་ཡོད།

    ཕྱུགས་རིགས་དཀར་ནག་ཤ་ཤེད་རྒྱས།

    འབྲོག་ལས་འཕེལ་ཁ་སྔར་བས་བཟང་།

    ལྷོ་ཁ་གྲོང་ཁྱེར་ལ་གྲི་གུ་རྩྭ་ཐང་དང་། ཆུ་མདོ་རྒྱང་རྩྭ་ཐང་། ཀུན་བདེ་གླིང་རྩྭ་ཐང་། སྐར་མ་གླིང་རྩྭ་ཐང་སོགས་རྩྭ་ཆུ་འཛོམས་པའི་རྩྭ་ཐང་མང་དག་ཅིག་ཡོད་ཅིང་། རྩྭ་ཐང་ཐོག་མུ་ཏིག་ས་ལ་གཏོར་བ་ལྟར་གྱི་ནོར་ལུག་མཆིས་ལ་རྣ་བའི་གསོས་སུ་སྨིན་པའི་རྫི་གླུ་ཕྱོགས་གང་སར་ལྷང་ལྷང་དུ་གྲགས། དེས་འབྲོག་ལས་དེ་ཡང་ལྷོ་ཁ་གྲོང་ཁྱེར་གྱི་ལེགས་ཆ་ལྡན་པའི་ཐོན་ལས་ཀྱི་གྲས་ཤིག་ཏུ་གྱུར་ནས་བརྟན་པོའི་སྒོ་ནས་འཕེལ་རྒྱས་བྱུང་ཡོད།

    2017ལོར་གྲོང་ཁྱེར་དེ་ཡོངས་ཀྱིས་བ་ལང་ཁྲི་5.2ཡི་རྒྱུད་པ་ལེགས་བཅོས་བྱས་པ་དང་། ལོ་མཇུག་ཏུ་ལག་ཡོད་སྒོ་ཕྱུགས་ཁྲི་136.59ཡོད་པའི་ནང་གསར་སྐྱེས་ཕྱུགས་ཕྲུག་ཁྲི་45.9ཡོད་པ་དང་གསོན་ཚད་94.1%ཟིན་ཡོད། ལོ་འཁོར་མོར་རིགས་ཁག་གི་སྒོ་ཕྱུགས་ཁྲི་43.93བཤས་བཏང་བ་དང་། ཤ་དང་། འོ་མ། སྒོ་ང་བཅས་ཀྱི་ཐོན་ཚད་ཏུན་ཁྲི་2.8དང་ཏུན་ཁྲི་4.83 ཏུན་ཁྲི་0.17བཅས་སོ་སོར་ཟིན་ཡོད། དེའི་ནང་ཁྱད་ལྡན་འབྲོག་ལས་ཐོན་རྫས་ཡིན་པའི་ལྷུན་རྩེའི་དཀར་ཆུའི་ཐོན་ཚད་ཏུན་8000ལས་བརྒལ་ཏེ་གྲོང་ཁྱེར་དེ་ཡོངས་ཀྱི་དཀར་ཆུའི་ལས་རིགས་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། འཕེལ་རྒྱས་བརྟན་པོ་སོང་བ་དང་ཆབས་ཅིག་ན་ནིང་ལྷོ་ཁ་གྲོང་ཁྱེར་དུ་སྲོག་ཆགས་ཀྱི་ནད་རིམས་ཚབས་ཆེན་ཕོག་པའི་གནས་ཚུལ་གཅིག་ཀྱང་ཐོན་མེད། གྲོང་ཁྱེར་དེ་ཡོངས་ཀྱིས་རིམ་རྩིས་ལྟར་ན་ཕྱུགས་རིགས་ཀྱི་གེགས་འགོག་མ་དངུལ་སྒོར་ཁྲི་165དང་གེགས་འགོག་གཟན་རྩྭ་ཏུན་983སྤྲད་ནས་སྒོ་ཕྱུགས་རྩྭ་ཆུ་ཞན་པའི་དགུན་དཔྱིད་ཀྱི་དུས་ལས་སྒྲོལ་རོགས་ནུས་ལྡན་བྱས་ཡོད།

    འབྲོག་ལས་འཕེལ་རྒྱས་ཀྱི་རྨང་གཞི་དང་ས་མཐོའི་སྣོད་བཅུད་སྲུང་ཡོལ་ཡིན་པའི་རྩྭ་ཐང་ནི་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། རྩྭ་ཐང་གི་སྣོད་བཅུད་འཛུགས་སྐྱོང་ལ་སྔར་བས་སྐུལ་འདེད་གཏོང་ཆེད། 2017ལོར་ལྷོ་ཁ་གྲོང་ཁྱེར་གྱིས་རྩྭ་ཐང་གི་ལྟ་སྐུལ་མི་སྣ་5305མང་དུ་བཏང་བ་དང་རིམ་རྩིས་ལྟར་ན་ད་ཆ་ལྟ་སྐུལ་མི་སྣ་15005ཟིན་པ་དང་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་བྱ་དགའ་དང་ཁ་གསབ་དངུལ་སྒོར་དུང་ཕྱུར་1.18སྤྲད་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་གཞི་རྩའི་རྩྭ་ཐང་བགོ་སྤྲོད་ལས་དོན་ཚང་མ་རང་སྐྱོང་ལྗོངས་རིམ་པའི་མཐའ་མའི་ཞིབ་བཤེར་རྩིས་ལེན་བྱུང་བ་དང་རྩྭ་ཐང་སྲུང་སྐྱོང་གི་བྱ་དགའ་དང་ཁ་གསབ་ལས་དོན་ཡང་རང་སྐྱོང་ལྗོངས་རིམ་པའི་ཞིབ་བཤེར་རྩིས་ལེན་བྱུང་བ་རེད།

    ཡར་ཀླུང་ཡུལ་ལྗོངས་ལྟ་ན་སྡུག

    གྲོང་གསེབ་དར་རྒྱས་དུས་ལ་སླེབས།

    ཞིང་ལས་དང་། གྲོང་གསེབ། ཞིང་པ་བཅས་ནི་ཕྱོགས་གསུམ་གཞི་གཅིག་གི་ཚོགས་སྤྱི་ཞིག་ཡིན། མིག་སྔར་གྲོང་གསེབ་དར་རྒྱས་འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་འཕེལ་རིམ་ཁྲོད་ཞིང་འབྲོག་ལས་འཕེལ་རྒྱས་ཀྱིས་གནས་བབ་གལ་འགངས་ཆེན་པོ་བཟུང་ཡོད།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བྱས་ཏེ“བརྒྱ་སྟོང་ཁྲིའི་འདུ་འགོད”དང་ཁྱད་ལྡན་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་བརྒྱུད། གཞི་ཁྱོན་ལྡན་པ་དང་། དཔྱད་གཞིར་འཛིན་ཆོག་པ། ལད་ཟློས་ཆོག་པ་བཅས་ཀྱི་གྲོང་གསེབ་དར་རྒྱས་དཔེ་དབྱིབས་འཚོལ་ཞིབ་ཧུར་ཐག་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    མིག་སྔར། སྣེ་གདོང་ཆུས་སུ་མུའུ་300ཡི་འདྲེ་ཚེར་མ་ནག་པོའི་འདེབས་འཛུགས་རྟེན་གཞི་བཙུགས་པ་དང་། གོང་དཀར་རྫོང་དུ་མུའུ་710ཡི་འབྲི་ཏ་ས་འཛིན་འདེབས་འཛུགས་རྟེན་གཞི་བཙུགས་པ། གྲ་ནང་རྫོང་དུ་མུའུ་500ཡི་སེའུ་དང་མུའུ་600ཡི་རྒྱ་སྣེ་འདེབས་འཛུགས་རྟེན་གཞི་བཙུགས་ཡོད། ཟངས་རི་རྫོང་དུ་མུའུ་1518ཀྱི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་བཙུགས་པ་དང་། ལྷོ་བྲག་རྫོང་དུ་མུའུ་1100ཡི་གཡེར་མ་འདེབས་འཛུགས་རྟེན་གཞི་བཙུགས་པ། རྒྱ་ཚ་རྫོང་དུ་མུའུ་ཆིག་སྟོང་གི་སྟར་ཀ་འདེབས་འཛུགས་རྟེན་གཞི་བཙུགས་ཡོད། ལྷུན་རྩེ་རྫོང་དང་མཚོ་སྨད་རྫོང་གཉིས་སུ་མུའུ་ཁྲི་3.7གྱི་ནས་ནག་འདེབས་འཛུགས་རྟེན་གཞི་བཙུགས་པ་དང་། སྣ་དཀར་རྩེ་རྫོང་གི་ལུག་ཁྲི་ཡི་རྒྱུད་པ་ལེགས་བཅོས་རྟེན་གཞིར་རྒྱུད་པ་ཞིབ་བཤེར་ཚད་ལེན་ལེགས་སྒྲུབ་ཟིན་ནས་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་རེ་ཞུ་བྱེད་བཞིན་ཡོད་པ་རེད། དེང་གི་ལྷོ་ཁར་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཆར་རྗེས་ཀྱི་མྱུ་གུ་འབུད་པ་བཞིན་གང་སར་དར་འཕེལ་བྱུང་དང་འབྱུང་མུས་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།