[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཤིང་ཕོར་ལས་སྒྱུ་རྩལ་གྱི་ཉམས་བཟང་མངོན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-09

    དཔྱིད་དུས་ཀྱི་ཉི་མ་དལ་གྱིས་ནུབ་ཕྱོགས་སུ་བཞུད་པའི་ཉིན་ཞིག སྐལ་བཟང་འཕྲིན་ལས་ལས་ཐག་བཅད་པ་དང་སྦྲགས་ཚོང་ཁང་གི་སྒོ་བརྒྱབ་སྟེ་ལག་པར་ཕྲེང་བ་ཞིག་འཁྱེར་ནས་སྒོ་རྩར་ལངས་ཏེ་སྔོ་ལྗང་གིས་བརྒྱན་པའི་མདུན་ཕྱོགས་ཀྱི་རི་བོར་ལྟ་བཞིན་བསྡད།

    ཁོང་ནི་རྫ་ཡུལ་ཤིང་ཕོར་གྱི་རྒྱུན་འཛིན་པ་བློ་བཟང་ཆོས་འཕེལ་གྱི་ཕ་རེད། བགྲེས་སོང་ཁོང་དང་གླེང་མོལ་བྱེད་སྐབས་ང་ཚོས་རྫ་ཡུལ་གྱི་ཤིང་ཕོར་ཇི་ལྟར་དར་མིན་ཤེས་རྟོགས་བྱུང་ལ། བོད་མི་རིགས་ཀྱི་སྲོལ་རྒྱུན་ལག་རྩལ་དེ་མི་ཉམས་གོང་འཕེལ་བྱུང་མིན་ཡང་ཤེས་བྱུང་།

    518383_yis_1528012245776.jpg

    བགྲེས་སོང་སྐལ་བཟང་འཕྲིན་ལས་ཀྱིས་ཁོང་གི་ཚོང་ཁང་གི་ཤིང་ཕོར་སྤུས་ལེགས་སྟོན་བཞིན་པ།

    སྔོན་མ་འཚོ་བའི་ཆེད་དུ་གྲོང་ཚོ་དང་དུད་ཚང་ཁག་ཏུ་ཤིང་ཕོར་འཚོང་བར་བསྐྱོད།

    བགྲེས་སོང་སྐལ་བཟང་འཕྲིན་ལས་དང་མཉམ་དུ་ཚོང་ཁང་དུ་འཛུལ་སྐབས་ཁྲོམ་བཀྱག་གི་སྟེང་དུ་བསྒྲིགས་པའི་ཤིང་ཕོར་དེ་དག་གིས་ང་ཚོའི་ཡིད་དབང་རྦད་དེ་འཕྲོགས་སོང་། ཤིང་ཕོར་ཕུད་ཚོང་ཁང་གི་གྱང་ལྡེབས་སུ་བཀལ་བའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བློ་བཟང་ཆོས་འཕེལ་ལ་ཐོབ་པའི་བྱ་དགའི་ལག་ཁྱེར་དང་པར་དེ་དག་ལས་ང་ཚོར་ཚོང་ཁང་སྦྱིན་བདག་གིས་བརྒྱུད་མྱོང་བའི་དཀའ་ཚེགས་ལམ་བུ་བརྗོད་པ་དང་གཉིས་སུ་མ་མཆིས།

    བགྲེས་སོང་སྐལ་བཟང་འཕྲིན་ལས་ཀྱི་ཕ་ཡུལ་རྫ་ཡུལ་རྫོང་རྫ་ཡུལ་སྟོད་གྲོང་རྡལ་ཨ་གྲགས་གྲོང་ཚོ་ནས་ཡིན་ཞིང་། ཡུལ་དེ་ནི་རྫ་ཡུལ་གྱི་ཤིང་ཕོར་ཐོན་ཡུལ་རེད། ད་ཆ་ཤིང་ཕོར་བཟོ་རྒྱུ་ནི་ཨ་གྲགས་གྲོང་ཚོའི་གྲོང་མིའི་རྒྱུན་གཏན་འཚོ་བའི་ལས་ཀ་གལ་ཆེན་ཞིག་རེད་ལ། མི་རབས་ནས་མི་རབས་བར་གྱི་ཨ་གྲགས་གྲོང་མིའི་འཚོ་བའི་རྟེན་ས་ཡང་རེད།

    རྫ་ཡུལ་རྫོང་རྫ་ཡུལ་སྟོད་གྲོང་རྡལ་དུ་ནགས་ཚལ་རྒྱ་ཁྱོན་70%ཡན་ཡོད་ཅིང་། ཕུན་སུམ་ཚོགས་པའི་ནགས་ཚལ་ཐོན་ཁུངས་ཀྱིས་ཤིང་ཕོར་གྱི་རྒྱུ་ཆ་ཧ་ཅང་འབེལ་པོ་ཡོད་པ་དང་བཟོས་པའི་ཤིང་ཕོར་ཡང་སྐད་གྲགས་ཆེན་པོ་ཡོད།

    དུས་རབས་གོང་མའི་ལོ་རབས་དྲུག་ཅུ་དང་དགུ་བཅུར། འཚོ་ཐབས་ཆེད་ལོ་ན་ཕྲ་བའི་སྐལ་བཟང་འཕྲིན་ལས་ཀྱིས་ཨ་ཞང་དང་མཉམ་དུ་ཤིང་ཕོར་བཟོས་ཤིང་། སླེལ་པོའི་ནང་དུ་བླུགས་ནས་རི་ཀླུང་མང་པོ་བརྒལ་ཏེ་གྲོང་ཚོ་དང་དུད་ཚང་ཁག་ཏུ་འཚོང་བར་འགྲོ་གི་ཡོད།

    518381_yis_1528012244060.jpg

    འདི་ནི་རྒྱལ་མཚན་ནོར་བུས་ཤིང་ཕོར་བཟོ་བཞིན་པ།

    ཤིང་ཕོར་ནི་མི་དང་རང་བྱུང་ཁམས་ནས་ཐོན་པའི་སྒྱུ་རྩལ་དངོས་པོ་ཡིན།

    ང་ཚོར་ཤིང་ཕོར་གྱི་ལག་རྩལ་ངོ་སྤྲོད་ཞིབ་ཕྲ་བྱ་ཆེད། བགྲེས་སོང་སྐལ་བཟང་འཕྲིན་ལས་ཀྱིས་ང་ཚོ་རྫ་ཡུལ་རྫོང་གྲོང་དུ་ཡོད་པའི་ཤིང་ཕོར་བཟོ་ས་དང་འཚོང་སའི་ཁྲོམ་གཞུང་དུ་ཁྲིད་བྱུང་། ཚོང་ཁང་སྒོ་ཕྱེ་ཡོད་ཀྱང་སྦྱིན་བདག་བསྡད་མི་འདུག བགྲེས་སོང་གིས་སྒོ་ར་རྒྱབ་ཏུ་ཕྱིན་ནས་མི་འབོད་སོང་བས། གཞོན་ནུ་ཞིག་གིས་དགོད་ཚེར་ཚེར་ངང་ང་ཚོར་ལག་བརྡ་བྱས་ཏེ“གློག་སྐུད་ཚིག་འདུག བཟོས་ཚར་གྲབས་ཡོད”ཅེས་བཤད་བྱུང་།

    ཁོང་ནི་ལོ་རབས་དགུ་བཅུའི་ནང་སྐྱེས་པའི་ཤིང་ཕོར་བཟོ་མཁན་རྒྱལ་མཚན་ནོར་བུ་རེད་འདུག

    ཤིང་ཕོར་བཟོ་མཁན་གྱིས་ལག་ཆ་ཆེ་ཆུང་མི་འདྲ་མང་པོ་ཞིག་སྡོད་སའི་འགྲམ་དུ་བཞག་ནས་སྤྱོད་བདེ་ཡོང་བར་བྱེད་ཀྱི་ཡོད། “འདི་ཚོ་ནི་རྫ་ཡུལ་གྱི་ཤིང་ཕོར་བཟོ་བའི་བརྒྱུད་རིམ་ནང་མཁོ་བའི་ལག་ཆ་རེད། གཟིགས་དང་འདི་གར་སྣ་ཁ་བཅུ་གཅིག་ཙམ་ཡོད། ལག་ཆ་འདི་དག་ཕུད་ཤིང་ཕོར་བཟོ་མཁན་གྱི་གཟུགས་པོ་དང་ལག་པ་ནི་ལག་ཆའི་གྲས་ཤིག་རེད”ཅེས་བགྲེས་སོང་སྐལ་བཟང་འཕྲིན་ལས་ཀྱིས་བཤད།

    མིག་གི་ལྟ་ཐེངས་གཅིག་ལ་ཅ་དངོས་ཚང་མ་མཐོང་ཐུབ་པའི་སྟབས་བདེའི་ཁང་ཆུང་ནང་གི་རྒྱལ་མཚན་ནོར་བུར་བལྟས་པ་ཙམ་གྱིས་གསར་འགོད་པས་རྫ་ཡུལ་གྱི་ཤིང་ཕོར་བཟོ་མཁན་གྱི་འཚོ་བ་མྱོང་ཚོར་ཐུབ་ལ་ཁོང་ཚོས་རང་གི་དྲན་ཤེས་ཀྱི་རྩལ་ནུས་ལ་བརྟེན་པ་དེའང་ཁོང་ཚོའི་ཆེས་རྩ་ཆེ་ཤོས་ཀྱི་ལག་ཆ་ཡིན་པ་ཤེས།

    དེ་སྔ་ཤིང་ཕོར་ནི་བོད་མིའི་འཚོ་བར་མེད་དུ་མི་རུང་བའི་མཁོ་ཆས་ཤིག་ཡིན་པ་དང་། ཤིང་ཕོར་གྱི་རིན་གོང་མཐོ་པོ་མེད་ལ་དམིགས་བསལ་གྱི་བཟོ་རྩལ་ཡང་སྤྱད་མེད་རུང་། དེ་ནི་བོད་མི་རིགས་ཀྱི་བཟའ་བཏུང་བྱེད་སྐབས་མེད་དུ་མི་རུང་བའི་ཕོར་པ་ཞིག་རེད། ཤིང་ཕོར་གཅིག་བཟོ་བར་མཁོ་བའི་རྒྱུ་ཆ་ནི་རང་བྱུང་ཁམས་ནས་བྱུང་བ་ཞིག་དང་རི་མཐོའི་ནགས་ཚལ་ལས་བྱུང་བ་ཞིག་རེད། རང་བྱུང་ཁམས་ནི་ཁོ་ཚོའི་རྒྱུ་ཆ་ཡག་ཤོས་རེད།

    ཨ་གྲགས་གྲོང་ཚོ་ནི་རི་དང་ནགས་ཚལ་དང་ཤིང་ནགས་སྟུག་པོའི་མཛེས་ཤིང་ལྟ་ན་སྡུག་པའི་སར་ཆགས་ཡོད། འོན་ཀྱང་རྫ་ཡུལ་གྱི་ཤིང་ཕོར་ཅུང་ཡག་པའི་རྒྱུ་ཆ་ནི་རྫ་ཡུལ་གྱི་ཤིང་གི་མཛེར་པ་ཡིན་པ་དང་ཐག་ཉེ་སའི་རི་གཤམ་དུ་མཐོང་རྒྱུ་མེད། རྒྱུ་ཆ་འཚོལ་མཁན་གྱིས་རི་མཐོ་ཤོས་སུ་འཚོལ་བར་སྐྱོད་དགོས་ཀྱི་ཡོད། རྫ་ཡུལ་གྱི་ཤིང་ཕོར་ལ་སྟག་དཀར་དང་། ཟུར་ལྔ་ལྡན་གྱི་གཡའ་ཤིང་། ཟུར་གསུམ་ལྡན་གྱི་གཡའ་ཤིང་སོགས་ཤིང་རྩེ་གྲའི་མཛེར་པ་དགོས་ཀྱི་ཡོད། སྐལ་བཟང་འཕྲིན་ལས་གཞོན་དུས་རི་ལ་ཤིང་གི་མཛེར་པ་འཚོལ་བར་ཐེངས་མང་སྐྱོད་མྱོང་ཡོད། ཁོང་གིས“ཞོགས་པ་སྔ་པོ་ནས་བསྐྱོད་དེ་ཉིན་དེའི་དགོང་མོ་རི་གཤམ་དུ་གུར་ཕུབ་ནས་སྡོད་པ་དང་ཉིན་གཉིས་པའི་ནམ་ཕྱེད་ཙམ་ལ་ཁ་ལག་སྟབས་བདེ་ཞིག་བཟས་ནས་རི་འཛེག་ལ་བརྒྱབ་ཀྱིས་རི་མགོ་མཐོ་ཤོས་ལ་བསྐྱོད་ཚེ་སྐབས་རེ་རྐང་གཉིས་གསུམ་ཙམ་རྙེད་ཀྱི་ཡོད་པ་དང་སྐབས་རེ་སྟོང་ལོག་དགོས་ཀྱི་ཡོད”ཅེས་བཤད།

    གལ་སྲིད་ཤིང་གི་མཛེར་པ་རྙེད་ཚེ་རྫ་ཡུལ་གྱི་ཤིང་ཕོར་རྩེ་གྲ་བཟོ་ཆོག་པ་དང་ཁྲ་ཧ་ཅང་ཡག་པོ་ཡོད་པའི་ཤིང་གི་མཛེར་པ་དེ་བས་རྙེད་ཁག་པོ་ཡོད། རྒྱུ་ཆ་འཚོལ་བ་ནས་དེའི་གོ་རིམ་ཧྲིལ་པོའི་བར་ལག་ཤེས་བཟོ་པས་རང་ཉིད་ཀྱི་ལག་ཤེས་དངོས་འདོན་ཐུབ་པ་བྱེད་དགོས་ཀྱི་ཡོད། སྐབས་རེ་རྒྱུ་ཆ་ཡག་པོ་ག་ཚོད་ཡོད་རུང་ལག་ཤེས་བཟོ་པས་བཟོ་བའི་བརྒྱུད་རིམ་ཁྲོད་འཕྲོ་བརླག་འགྲོ་གི་ཡོད། “དེའི་རིང་བརྒྱུད་པའི་དཀའ་ཚེགས་དང་དེ་བཞིན་བློ་ཕམ་ནི་རྫ་ཡུལ་གྱི་ཤིང་ཕོར་བཟོ་མཁན་ཚོས་མ་གཏོགས་མི་ཤེས”

    518382_yis_1528012244996.jpg

    འདི་ནི་རྫ་ཡུལ་གྱི་ཤིང་ཕོར་ལ་འཇམ་བརྡར་གཏོང་བཞིན་པ།

    སྔོན་མའི་ཉམས་འགྱུར་རྒྱུན་འཛིན་གྱིས་ལག་ཤེས་སྦྱོང་བར་མུ་མཐའ་མེད།

    བཟོ་ལས་འཕེལ་རྒྱས་ཀྱི་ཚ་རླབས་འཕྱུར་བའི་དེང་གི་བོད་དུ་ལག་ཤེས་བཟོ་ལས་མང་པོ་ཞིག་གི་སྔོན་མའི་ཉམས་འགྱུར་རྒྱུན་འཛིན་བྱེད་ཀྱི་ཡོད། དེའི་ཁྲོད་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་རྫ་ཡུལ་གྱི་ཤིང་ཕོར་ཡང་ཚུད་ཡོད།

    རྫོང་གྲོང་ནས་རྫ་ཡུལ་གྲོང་རྡལ་ཕྱོགས་སུ་སྐྱོད་པའི་ལམ་བར་དུ་ང་ཚོས་བགྲེས་སོང་སྐལ་བཟང་འཕྲིན་ལས་ཀྱི་བུ་ཆུང་བ་རང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བློ་བཟང་ཆོས་འཕེལ་གྱིས་གྲོང་རྡལ་དང་ཐག་མི་རིང་བའི་གྲོང་ཚོ་ཞིག་ཏུ་ཇ་འདེབས་ཀྱི་ཡོད་པ་ཤེས་བྱུང་།

    དེས་ན་རྫ་ཡུལ་རོང་སྟོད་གྲོང་རྡལ་གྱི་ཤིང་ནགས་སྟུག་པོའི་ཁྲོད་གསར་འགོད་པར་གཟུགས་པོ་ཆེ་ལ་རིད་པ་དང་མགོ་སྐྲ་སུ་ལུ་ཡིན་པའི་བློ་བཟང་ཆོས་འཕེལ་ཐུག་བྱུང་།

    བོད་ཀྱི་ལག་ཤེས་བཟོ་རྩལ་གཞན་དང་མི་འདྲ་བར་ཤིང་ཕོར་བཟོ་རྩལ་ནི་ཆུང་དུས་ནས་སྦྱོང་དགོས་མེད། གང་ཡིན་ཞེ་ན་ལག་ཤེས་འདིར་ཤེད་ཤུགས་ཆེན་པོ་དགོས་ཀྱི་ཡོད། བློ་བཟང་ཆོས་འཕེལ་གྱིས་ལག་ཤེས་འདི་ཐོག་མར་སྦྱོང་སྐབས་ལོ་19རེད།

    ལག་ཤེས་རྒྱུན་འཛིན་པ་གཞན་དང་འདྲ་བར་དགེ་ཕྲུག་ཐོན་པའི་བློ་བཟང་ཆོས་འཕེལ་གྱིས་ལག་རྩལ་རྒྱུན་ཆད་མེད་པར་བྱང་ཆུབ་པ་ཞིག་སྦྱོང་དོན་ནི་རང་ཉིད་ཀྱི་འཚོ་བའི་ཆེད་དུ་ཡིན་ལ་ཤིང་ཕོར་སྤྱོད་མཁན་ཚོའི་ཆེད་དུ་ཡང་རེད།

    ལོ་རབས་90པའི་དུས་མཇུག་ཏུ་བློ་བཟང་ཆོས་འཕེལ་གྱིས་ཀྱང་ཕ་སྐལ་བཟང་འཕྲིན་ལས་དང་འདྲ་བར་ཤིང་ཕོར་སླེལ་པོའི་ནང་དུ་བླུགས་ཏེ་རི་ཀླུང་མང་པོ་བརྒལ་ནས་དུད་ཚང་མི་རེ་ངོ་རེར་འཚོང་བར་འགྲོ་གི་ཡོད།

    ཁོང་གིས་ད་ཆ་ཤིང་ཕོར་བཟོ་མཁན་ཤིང་རྒྱུ་འཚོལ་བར་འགྲོ་དགོས་མེད། ཨ་གྲགས་གྲོང་ཚོར་ཆེད་མངགས་ཤིང་རྒྱུ་འཚོང་མཁན་ཡོད་པས་ཁོང་ཚོས་ཤིང་རྒྱུ་ང་ཚོར་འཚོང་གི་ཡོད། རྒྱུན་དུ་ཤིང་ཕོར་བཟོ་མཁན་གྱིས་ཤིང་རྒྱུ་འཚོང་མཁན་ལ་ཤིང་རྒྱུ་འཚོལ་རིན་སྤྲད་པ་དང་དེ་ནས་ཤིང་རྒྱུའི་སྤུས་ཚད་གཞིར་བཟུང་ཡང་བསྐྱར་དངུལ་སྤྲོད་ཀྱི་ཡོད་ཅེས་བཤད།

    བློ་བཟང་ཆོས་འཕེལ་གྱིས། ཕ་མེས་ཀྱི་དཀའ་སྡུག་ཤེས་ཀྱི་ཡོད་ལ་ད་ཆ་ལག་ཤེས་པ་ཞིག་གི་བདེ་སྐྱིད་ཀྱང་ཚོར་གྱི་འདུག གང་ཡིན་ཞེ་ན་ལག་ཤེས་འདིས་ང་ཧྲེན་ཀྲེན་རིག་གནས་དངོས་མང་སྟོན་ཚོགས་ལ་ཞུགས་རྒྱུ་བྱུང་ལ། བོད་ལྗོངས་འགྲེམས་ཚོགས་དང་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་སྟོན་ཁག་ལ་ཡང་ཞུགས་རྒྱུ་བྱུང་། ལག་ཤེས་བཟོ་རྩལ་པའི་འཚོ་གནས་ཁོར་ཡུག་ད་ལྟ་སྔོན་མ་དང་སྡུར་ཐབས་མེད། དེ་དག་ནི་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་ལ་མི་རྣམས་ཀྱི་འཚོ་བ་ཇེ་ལེགས་སུ་ཕྱིན་པའི་མཚོན་རྟགས་ཀྱང་རེད་ཅེས་བཤད།

    518384_yis_1528012246571.jpg

    རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྫ་ཡུལ་ཤིང་ཕོར་གྱི་རྒྱུན་འཛིན་པ་བློ་བཟང་ནོར་བུས་ཤིང་ཕོར་བཟོ་བཞིན་པ།

    518385_yis_1528012247476.jpg

    འདི་ནི་ཤིང་ཕོར་བཟོ་མཁན་གྱི་ལག་ཆ་ཡིན་པ།
    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།