[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • རླུང་གཡོར་སྟོང་ཕྲག་ལྷན་ཅིག་འཕྱར། གྲུ་གཟིངས་བརྒྱ་ཕྲག་ཤར་གྱིས་སྐྱོད།

    ལྷ་ས་གྲོང་ཁྱེར་གྱིས“ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི”འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-01

    455472_yis_1511508269445.jpg

    ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གསུམ་ལྡན་གྲོང་ཚོའི་ཞིང་འབྲོག་པའི་བོད་བྱ་གསོ་ཚགས་མཉམ་ལས་ཁང་གི་ཁོངས་མི་ཚེ་རིང་གིས་བོད་བྱའི་སྒོ་ངར་ཐུམ་སྒྲིལ་རྒྱག་བཞིན་པ།

    455469_yis_1511508264921.jpg

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ས་གཙང་གི་ཚད་གཞི་མཐོ་བའི་རིག་ནུས་དྲོད་ཁང“སྡོང་གཟུགས་ཅན”གྱི་གསོ་སྤེལ་རྣམ་པ།

    455476_yis_1511508275560.jpg

    བྱེས་བགྲོས་ལུས་རྩལ་ལ་དགའ་པོ་ཡོད་མཁན་ཚོ་བྱེས་བགྲོས་རི་འཛེག་བྱེད་སྒོར་ཞུགས་པ།

    455473_yis_1511508270927.jpg

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་འབྲོག་རའི་ཞོ་ཡག་ཉེས་འགྲན་བསྡུར་ལ་གྲོང་མིས་དཔྱད་འདེམས་པ་དང་། ཡུལ་སྐོར་བ། གྲོང་མི་བཅས་ལ་རང་ཁྱིམ་གྱིས་བསྙལ་བའི་ཞོ་སོས་པར་བྲོ་བ་ལྟ་རུ་འཇུག་པ།

    455468_yis_1511508263439.jpg

    ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་བདེ་ཆེན་གྲོང་རྡལ་པད་ནག་གྲོང་ཚོའི་གངས་ལྗོངས་གསེར་ཟངས་ལག་ཤེས་བཟོ་རྩལ་གླིང་ཞིང་པའི་མཉམ་ལས་ཁང་གི་ཁོངས་མི་ལྷག་པས་གསེར་ཟངས་ལ་བརྐོས་རྒྱག་བཞིན་པ།

    455475_yis_1511508273875.jpg

    ལྷ་སའི་གྲོང་མི་དང་ཡུལ་སྐོར་བས་ཤ་རྡོག་སྐྱེ་དངོས་འདེམས་ཉོ་བྱེད་བཞིན་པ།

    455470_yis_1511508266278.jpg

    ཆུ་ཤུར་རྫོང་གི་སློབ་ཆེན་སློབ་མ་དང་ཞིང་འབྲོག་མང་ཚོགས་ཀྱི་འཐུས་མིས་ཆུ་ཤུར་རྫོང་གི་ས་གཙང་བདེ་ཐང་ཐོན་ལས་གླིང་དུ་ལྟ་སྐོར་བྱེད་བཞིན་པ།

    455474_yis_1511508272409.jpg

    ཡུལ་སྐོར་བས་འདམ་གཞུང་རྫོང་ནས་ཐོན་སྐྱེད་བྱས་པའི“གནམ་མཚོ”རྟགས་ཅན་གྱི་ཚགས་ཤ་སིལ་མ་ཉོ་བཞིན་པ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལྷ་ས་གྲོང་ཁྱེར་གྱིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི“འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ”ཁྲིད་སྟོན་དུ་བྱས་ནས་རང་སའི་ལེགས་ཆའི་ཐོན་ཁུངས་ལ་གཞི་བཙུགས་པ་དང་། བློ་སྟོབས་ཆེན་པོས་སྒྱུར་བཅོས་དང་། འགན་འཁུར་ཕོད་པ་དང་། “ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི”འཐབ་ཇུས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་པ་མ་ཟད། ས་གཙང་བདེ་ཐང་དང་རིག་གནས་ཡུལ་སྐོར་གཙོ་གནད་དུ་བྱེད་པའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་ཐོན་ལས་ཀྱི་གཞི་ཁྱོན་ཟམ་མི་ཆད་པར་སྟོབས་ཆེར་བཏང་བ་དང་། ཐོན་ལས་ཀྱི་སྦྲེལ་ཐག་རྒྱུན་མི་ཆད་པར་རྒྱ་བསྐྱེད་པ། ཐོན་རྫས་ཀྱི་རིན་ཐང་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་འཛུགས་སྐྲུན་དང་། སྤྱི་ཚོགས་གོང་འཕེལ། དམངས་འཚོ་ལེགས་བཅོས་བཅས་ལ་འགན་སྲུང་ནུས་ལྡན་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྨང་གཞི་བརྟན་པོ་བཏིངས་པ་རེད།

    ས་གཙང་བདེ་ཐང་ཐོན་ལས་ཀྱིས་འཕེལ་རྒྱས་ཀྱི་དཔྱིད་དཔལ་རྒྱས།

    ལྗང་མདོག་ནི་འཕེལ་རྒྱས་ཀྱི་འགག་རྩ་རེད། དེ་ནི་གྲོང་བབ་ལ་གཞི་བཙུགས་པའི་བརྡར་གཅོད་ཟབ་མོ་ཞིག་ཡིན་ལ་ལྷ་ས་གྲོང་ཁྱེར་གྱི་ཐོན་ལས་ཐད་གདེང་ཚོད་ཡོད་པའི་མཚོན་ཚུལ་ཞིག་ཀྱང་རེད། ལོ་དུ་མའི་འཕེལ་རྒྱས་ལ་བརྟེན་ནས་ལྷ་ས་གྲོང་ཁྱེར་དུས་སྐབས་གང་ཞིག་ལས་ཀྱང་ས་གཙང་བདེ་ཐང་ཐོན་ལས་སྟོབས་ཆེར་གཏོང་བར་སྔར་བས་གདེང་ཚོད་དང་འཇོན་ཐང་ཡོད་པར་གྱུར།

    2013ལོའི་ཚུན། ལྷ་ས་གྲོང་ཁྱེར་གྱིས་ས་མཐོའི་གཙང་བའི་མཁའ་རླུང་དང་། ཆུ། ས། སེམས་བཅས“སྦགས་བཙོག་མེད་པ་བཞིའི”ཐུན་མོང་མིན་པའི་ལེགས་ཆར་བརྟེན་ནས་ས་གཙང་བདེ་ཐང་ཐོན་ལས་གོང་འཕེལ་བཏང་བ་དང་། བཟའ་བཅའ་དང་། བཏུང་བྱ། སྨན་རྫས། རྒྱན་ཆ་བཅས“སྣ་ཁ་བཞི”གསར་སྤེལ་ཐུབ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་མཉམ་འགུལ་ལ་འགན་ལེན་གྱིས་མཉམ་ཤུགས་ཆགས་པ་དང་། སྤུས་རྟགས་གྲགས་ཅན་སྐྱེད་སྲིང་བྱས་ནས་ཐོན་ལས་ཀྱི་སྦྲེལ་ཐག་ཆེ་རུ་བཏང་སྟེ་ཟུར་སྣོན་རིན་ཐང་མཐོ་བའི་ཁ་ཕྱོགས་སུ་ཟམ་མི་ཆད་པར་བསྐྱོད་པ་རེད།

    གཙོ་ཁྲིད་ཀྱི་ཐོན་ལས་སྟོབས་ཆེར་བཏང་ནས་ས་གཙང་བདེ་ཐང་ཐོན་ལས་ཀྱི་གཞི་ཁྱོན་གོང་འཕེལ་ཡོང་རྒྱུར་སྣེ་ཁྲིད་བྱས་ཤིང་། ལྷ་ས་གྲོང་ཁྱེར་གྱིས་ས་གཙང་བདེ་ཐང་གི་གཙོ་ཁྲིད་ཐོན་ལས་གོང་འཕེལ་ཡོང་བར་སྐུལ་མ་ཏན་ཏིག་བཏང་བ་དང་། མིག་སྔར་རང་བྱུང་འཐུང་ཆུའི་ཐོན་ལས་དང་། ས་མཐོའི་དཀར་ཆུའི་ཐོན་ལས། བོད་བྱའི་ཐོན་ལས། ནས་ཀྱི་ཐོན་ལས། འབྲི་གཡག་གི་ཐོན་ལས། ཡུལ་ལུག་གི་ཐོན་ལས། ཤ་མོའི་ཐོན་ལས། བོད་སྨན་རྒྱུ་ཆའི་ཐོན་ལས། ས་མཐོའི་ཁྱད་ལྡན་སྒྲིག་བཀོད་ཀྱི་སྐྱེད་ཚད་ཐོན་ལས། དཔལ་འབྱོར་ནགས་ཚལ་དང་མེ་ཏོག་གི་ཐོན་ལས་བཅས་ཐོན་ལས་ཆེན་པོ་བཅུ་གྲུབ་ཡོད་པ་རེད།

    ཐོན་ལས་རྣམ་གྲངས་ལེགས་སུ་བཏང་ནས་ས་གཙང་བདེ་ཐང་ཐོན་ལས་ཀྱི་གཞི་ཁྱོན་སྟོབས་ཆེར་འགྲོ་རྒྱུར་སྐུལ་མ་བཏང་ཞིང་། ཆུ་ཤུར་རྫོང་ཡིད་འོང་ཚལ་སྣ་ས་གཙང་བདེ་ཐང་ཐོན་ལས་གླིང་དང་། ཁྲེང་ཀོན་ཆུས་དགའ་པ་སྣོད་བཅུད་འབྲོག་རའི་རྣམ་གྲངས། མལ་གྲོ་གུང་དཀར་རྫོང་བཞོན་མ་གསོ་ཚགས་རྣམ་གྲངས་སོགས་ཏེ་ལྷ་ས་གྲོང་ཁྱེར་གྱིས་གཙོ་གནད་ས་གཙང་བདེ་ཐང་ཐོན་ལས་རྣམ་གྲངས་21བཏོད་པ་དང་། ཐོན་ལས་རྣམ་གྲངས་ཀྱི་སྐུལ་ཁྲིད་ལ་བརྟེན་ནས་ས་གཙང་བདེ་ཐང་ཐོན་ལས་ལ་འཕེལ་རྒྱས་ཆེན་པོ་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་བྱུང་ཡོད།

    རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་འཕེལ་རྒྱས་ཆེན་པོའི་གསོན་ཤུགས་བཏོད།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་རིག་གནས་ཀྱི་ཉིང་བཅུད་ཟབ་མོ་དང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་རིག་གནས་ཡུལ་སྐོར་གྱི་ཐོན་ལས་གོང་འཕེལ་ལ་སྐུལ་མ་གཏོང་རྒྱུ་དེ“ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི”འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བའི་ནང་དོན་གལ་ཆེན་དུ་བརྩིས་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཟབ་མོ་མཐའ་འཁྱོངས་ཀྱིས་གལ་ཆེ་མཉམ་འཛིན་དང་གསབ་རེས་བྱས་པས་གྲོང་ཁྱེར་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་གོང་འཕེལ་ལ་འཕེལ་ཕྱོགས་ཡག་པོ་མངོན་ཡོད།

    གཙོ་གནད་ཐོན་ལས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་ཚད་བརྒལ་གསར་པ་བྱུང་ཞིང་། རིག་གནས་ཡུལ་སྐོར་གྱི་གཙོ་ཁྲིད་ཐོན་ལས་ཡིན་པའི་བོད་ལྗོངས་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་དང་སྟོད་ལུང་བདེ་ཆེན་ཆུས་ཞང་ཞུང་མེ་ཏོག་རིག་གནས་ཡུལ་སྐོར་ཐོན་ལས་གླིང་སྔ་རྗེས་སུ་གཉེར་འགོ་ཚུགས་པ་རེད། 2016ལོའི་ལོ་མཇུག་བར་བོད་ལྗོངས་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་གིས་རྣམ་གྲངས་29དངོས་སུ་གསར་སྤེལ་བྱ་རྒྱུའི་གྲོས་མཐུན་བཞག་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་100.4ཟིན་པ་དང་། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་མཛོད་ཁང་དང་། 《གྱིམ་ཤིང་ཀོང་ཇོ》ཁང་ནང་ལོ་རྒྱུས་ཟློས་གར་འཁྲབ་གཞུང་། བོད་ཀྱི་རིག་གནས་བསམ་བཀོད་སྐྱེད་སྲིང་ལྟེ་གནས། ལྷ་ས་གློག་བརྙན་གྲོང་ཞོ་སྟོན་གནའ་གྲོང་སོགས་རྣམ་གྲངས་14དངོས་སུ་སྐྲུན་འགོ་ཚུགས་པ་རེད། དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ལྷ་སའི་ཡུལ་སྐོར་གྱི“མིང་བྱང་གསར་པ”ཞིག་ཏུ་གྱུར་ནས་ལོའི་ཡུལ་སྐོར་ཡོང་འབབ་30%འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། ཆོས་དཔེ་རྟེན་རྫས་བཤམས་མཛོད་ཁང་དང་། བློ་རིག་ཡུལ་སྐོར་གྱི་རྣམ་གྲངས། སྐྱིད་ཆུའི་ཆུ་ཐོག་ཡུལ་སྐོར་གྱི་རྣམ་གྲངས། ཁང་འཁོར་སྒར་སའི་རྣམ་གྲངས་སོགས་གཙོ་གནད་ཡུལ་སྐོར་ཐོན་ལས་ཀྱི་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།