[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་བྱས་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་མིག་དཔེ་ཞིག་བྱེད་དགོས།

    ——“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་སྣོན་བརྒྱབ་སྟེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བའི་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2022-06-27

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་བྱ་བ་ཡག་པོ་སྒྲུབ་པའི་འགག་རྩ་དེ་ཏང་ལ་ཐུག་ཡོད་ལ། འགག་རྩ་དེ་ཏང་གིས་ཏང་སྐྱོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་བྱེད་པར་ཐུག་ཡོད”ཅེས་ནན་བཤད་ཡང་ཡང་གནང་ཡོད། དེས་ན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་བཏོན་པའི“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”དམིགས་ཚད་ལས་འགན་བདེ་བླག་ངང་མངོན་འགྱུར་བྱེད་པའི་འགག་རྩ་དེ་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་རྒྱུར་ཐུག་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཡོད་ལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས“མིག་དཔེ་དྲུག”གི་ནང་། “ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་བྱས་ནས་སྣེ་ཁྲིད་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་མིག་དཔེ་ཞིག་བྱེད་དགོས”ཞེས་ཁ་གསལ་བཏོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ནམ་ཡང་ཚར་དུས་མེད་པའི་སྙིང་རུས་ལ་བརྟེན་ནས། ཏང་ལ་དོ་དམ་ནན་པོ་དང་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་སྟེ། བོད་དུ་ཏང་གི་སྲིད་སྐྱོང་བའི་གནས་བབ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་བཏང་སྟེ། ཕན་འབྲས་དངོས་ཀྱི་ཐོག་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།

    ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་བྱས་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་མིག་དཔེ་ཞིག་བྱེད་པར། ངེས་པར་དུ་ཆབ་སྲིད་ཀྱི་ངེས་ཤུགས་མཐའ་འཁྱོངས་བྱས་ནས་རྩ་བའི་དགོངས་གཞི་ཡུན་རིང་མཐའ་འཁྱོངས་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྨང་གཞི་ནི་ཁྱོན་ཡོངས་ལ་ཐུག་པ་དང་། འགག་རྩ་ནི་ནན་པོ་དང་བཅོས་སྐྱོང་ལ་ཐུག་ཡོད། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་ལས་འགན་ཨང་དང་པོར་དམིགས་ནས་ཤུགས་རྒྱག་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དང་ལྟ་ཞིབ་ཀྱི་འགན་འཁྲི་བདའ་འདེད་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྤེལ་བར་སྐུལ་འདེད་གཏོང་དགོས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བྱེད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་ཆབ་སྲིད་ཐད་ཀྱི་གོ་ཤེས་ཅན་དང་ཚུལ་ལྡན་ཅན་ཞིག་ཐོག་མཐའ་བར་གསུམ་དུ་བྱེད་དགོས།

    ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་བྱས་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་མིག་དཔེ་ཞིག་བྱེད་པར་ངེས་པར་དུ་ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་བཞག་སྟེ་ཡང་དག་པའི་མི་སྤྱོད་སྟོན་ཕྱོགས་འཛུགས་དགོས། བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་ནས། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་རྒྱུན་འཁྱོངས་དང་། “ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་རྣམ་འགྱུར་ཧ་ཅང་བརྟན་པོ་དང་། ཡིན་མིན་ཆེན་པོའི་མདུན་དུ་ལངས་ཕྱོགས་ཧ་ཅང་གསལ་པོ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བྱ་སྤྱོད་ཧ་ཅང་བརྟན་པོ། མི་རིགས་ཁག་གི་མང་ཚོགས་ལ་དགའ་ཞེན་བྱེད་པའི་བརྩེ་དུང་ཧ་ཅང་ཟོལ་མེད”བཅས་ཀྱི་མི་རིགས་ས་ཁུལ་གྱི་ལས་བྱེད་པའི་ཆབ་སྲིད་ཚད་གཞི་མཐའ་འཁྱོངས་ས་ནས། དོ་དམ་ནན་པོ་དང་བརྩེ་སེམས་ཟབ་མོ་གཅིག་གྱུར་ནུས་ལྡན་དང་། འགོ་ཁྲིད་ཚན་ཁག་ལེགས་འདེམས་ཧྲག་སྒྲུག ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན། བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣ་བེད་སྤྱོད་ཡག་པོ། དར་ཆ་གསལ་སྟོན་གྱིས་དངོས་སྒྲུབ་གྲུབ་འབྲས་ཐོབ་མཁན་ལ་གཟེངས་བསྟོད་དང་། སྒྱུར་བཅོས་ཧུར་ཐག་བྱེད་མཁན་ལ་རྒྱབ་སྐྱོར། འཚོལ་ཞིབ་བྱེད་ཕོད་མཁན་ལ་བསྔགས་སྐུལ། སྒྱིད་ལུག་དང་འགན་འཛོལ་ཤོར་མཁན་ཕྱིར་འབུད། ཁྲིམས་འགལ་སྒྲིག་འགལ་བྱེད་མཁན་ལ་ཆད་གཅོད་བཅས་བྱས་ཏེ། “འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི”སྟོན་ཕྱོགས་གསལ་པོ་ཆགས་པར་བྱས་ནས་ཕུལ་བྱུང་ཤེས་ལྡན་མི་སྣ་འབུར་དུ་ཐོན་པའི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་དགོས།

    ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་བྱས་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་མིག་དཔེ་ཞིག་བྱེད་པར་ངེས་པར་དུ་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་དགོས། ཏང་གི་སྤྱོད་ཚུལ་ནི་ཏང་གི་གཟུགས་བརྙན་ཞིག་རེད་ལ། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་དང་བློ་ཁ་གཏད་ཕྱོགས་ལ་ལྟ་ཞིབ་བྱེད་པའི་ཆར་བརྟག་ཡོ་བྱད་ལྟ་བུ་ཞིག་ཀྱང་རེད། ལས་བྱེད་པའི་སྤྱོད་ཚུལ་ཏན་ཏིག་མེད་པ་ནི་ང་ཚོའི་ལས་ཀའི་དགྲ་བོ་ཆེ་ཤོས་དེ་རེད། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་དང་། ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་རྒྱུད་རབས་རྒྱུན་འཛིན། “ལམ་གཉིས”ཀྱི་སྙིང་སྟོབས་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་ལག་བསྟར། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་དོན་འཁྱོལ་ནན་པོ། སློབ་གསོར་ཤུགས་སྣོན་དང“སྤྱོད་ཚུལ་བཞི”བཅོས་སྒྲིག དམ་པ་དོན་གཉེར། དངོས་འཛིན་དངོས་སྒྲུབ། འགན་འཁྲི་འཁུར་ཕོད་པ། འཐབ་རྩོད་བྱེད་ཕོད་པ་བཅས་བྱས་ནས་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་དང་ཡུན་རིང་དམ་འཛིན་བྱས་ཏེ་ལས་དོན་དོན་འཁྱོལ་སྔར་བས་ནུས་ལྡན་དང་སྔར་བས་ནུས་ཆེ་ཡོང་བར་སྐུལ་འདེད་གཏོང་དགོས།

    ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་བྱས་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་མིག་དཔེ་ཞིག་བྱེད་པར་ངེས་པར་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་གཏོད་དགོས། རང་རེའི་ཏང་གི་ངོ་བོ་དང་དམིགས་ཡུལ་ལས་ཏང་དང་རུལ་སུངས་ཀྱི་སྣང་ཚུལ་སྣ་ཚོགས་དབར་མེ་དང་སྤུ་ལྟར་མཐུན་ཐབས་མེད་པ་གཏན་འཁེལ་བྱས་ཡོད། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནི་ངེས་པར་དུ་དམ་འཛིན་ཡག་པོ་བྱེད་དགོས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། བོད་འདི་ཉིད་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་མདུན་མ་དང་གཡུལ་ས་གཙོ་བོར་གནས་པ་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ལྕི་པོ་ཡོད་མོད། འོན་ཀྱང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནད་དོན་ཐད་དམིགས་བསལ་གང་ཡང་མེད་པའི་བསམ་བློ་བརྟན་པོ་བཙུགས་ཏེ། ཕྱོགས་གཅིག་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་དམ་འཛིན་གྱིས་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་པ་དང་། སྐོར་གཟིགས་སྐོར་ཞིབ་གཏིང་ཟབ་བྱེད་པ། རུལ་སུངས་ལ་ཆད་གཅོད་ནན་པོ་བྱེད་པ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་སྐྱོང་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཕྱོགས་ཡོངས་ནས་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་རི་བོ་ཐའེ་ཧྲན་ལྟར་བརྟན་པོ་ཡོང་བ་བྱེད་དགོས།

    ལྕགས་རྡུང་བར་ངེས་པར་དུ་ཐོ་བ་མཁྲེགས་པོ་དགོས། “མིག་དཔེ་དྲུག”ནི་དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”བླང་བྱའི་ཞིབ་ཕྲའི་མཚོན་ཚུལ་ཞིག་རེད། བོད་ཀྱི་ལས་དོན་ལས་མངོན་པའི་ཁྱད་ཆོས་གསར་པ་དང་དུས་བབ་གསར་པའི་མདུན་དུ་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ“མིག་དཔེ་དྲུག”ལག་བསྟར་གྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་མདུན་མ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ས་གཙོ་བོ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གཡུལ་ས་གཙོ་བོ། མཐའ་བརྟན་མཐའ་དར་གྱི་འཐབ་ཕྱོགས་དང་པོ། རིམས་ནད་སྔོན་འགོག་ཚོད་འཛིན་དང་། གྲོང་གསེབ་དར་རྒྱས། གེགས་འགོག་གེགས་སེལ་སོགས་འཕྲལ་མཁོ་དང་། དཀའ་ངལ། ཉེན་ཆེ། གལ་ཆེ་བཅས་ཀྱི་ལས་འགན་སྒྲུབ་རིང་མིག་དཔེ་དང་། དཔེ་བཟང་། དཔེ་སྟོན་བཅས་བྱེད་པ་དང་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།