[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།

    འཛམ་གླིང་ཁོར་ཡུག་ཉིན་མོ་འཆར་ཉེའི་མཚམས་སུ་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2022-06-06

    འཛམ་གླིང་ཁོར་ཡུག་ཉིན་མོ་ཐེངས་51པ་འཆར་ཉེའི་མཚམས་སུ། ས་མཐོའི་ས་གཞི་ཆེ་མོར་ལྟ་སྐབས་གང་སར་རེ་བས་ཁེངས་པ་དང་མི་སེམས་ལ་སྐུལ་མ་ཐེབས་པའི་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་རྣམ་པ་གསར་པ་རིམ་བཞིན་མངོན་ཞིང་། ནམ་མཁའ་དེ་བས་སྔོ་བ་དང་། རི་བོ་དེ་བས་སྔོ་ལྗང་། ཆུ་བོ་དེ་བས་དྭངས་བ་བཅས་ཡོད་པ་དང་བསྟུན་ནས་བོད་འདི་ཉིད་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་འགྲོ་ལམ་ཐོག་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད།

    ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱས་ནས་འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་ཡག་པོ་སྲུང་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རང་ལྗོངས་ལ་དཀྲིས་པའི་བླ་ན་མེད་པའི་ལས་འགན་དང་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་རེད། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་མཛུབ་ཁྲིད་འོག ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཧུར་ཐག་བསྐྲུན་ཏེ《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པའི་སྲོལ་ཡིག》སོགས་ཀྱི་ཁྲིམས་སྲོལ་དང་སྲིད་ཇུས་བཟོས་པ་དང་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱི“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གསར་གཏོད་རྟེན་གཞི་2དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་དང་རྫོང་11ལེགས་གྲུབ་ལྡན་པའི་ངང་འཛུགས་གཏོད་དང་། མ་དངུལ་སྒོར་དུང་ཕྱུར་83བཏང་ནས་རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་འཁྱགས་བཅས་ཀྱི་མ་ལག་བཅོས་སྐྱོང་དང་གཙོ་གནད་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་བསྐྲུན་རྒྱུར་སྐུལ་འདེད་བཏང་ཡོད། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་མཚོན་རྟགས་རང་བཞིན་གྱི་དམག་འཐབ་ཆེན་པོ་5ཡག་པོ་བརྒྱབ་པས་2021ལོར་ལྗོངས་ཡོངས་ཀྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་99%ལྷག་ཙམ་ཟིན་པ་དང་། གཙང་པོ་དང་། ཆུ་བོ། མཚོ་བཅས་གཙོ་བོའི་ཆུ་སྤུས་ལེགས་པ། ས་རྒྱུའི་ཁོར་ཡུག་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་བཅས་ལས་བོད་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད།

    “ལྗང་མདོག་རྒྱུགས་ལན”ཡག་པོ་ནི་མི་རྣམས་སྤོབས་པ་སྐྱེ་བ་དང་འབད་འབུངས་མདུན་སྐྱོད་བྱ་རྒྱུར་སྐུལ་མ་ཐེབས་པ་ཞིག་ཡོད་ཅིང་། མིག་སྔར་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སྒྱུར་དུས་སྐབས་སུ་སླེབས་པ་དང་། སྐྱེ་ཁམས་སྲུང་སྐྱོང་དེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་ཟབ་ཏུ་གཏོང་བའི་དུས་སྐབས་སུ་སླེབས་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པའི་ལས་འགན་དེ་བས་རྙོག་འཛིང་ཆེ་ཞིང་ལྕི་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་འགན་ལྕི་ལ་ལམ་ཐག་རིང་བ་བཅས་ཡོད་པས་ང་ཚོས་དུས་མཚུངས་སུ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པ་བྱེད་དགོས། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པས་ལྟ་བཤེར་གནས་ཚུལ་ཚུར་ལན་སྤྲོད་སྐབས། ཉེ་བའི་ལོ་ཤས་རིང་། བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་གྲུབ་འབྲས་ཆེ་ཙམ་ཐོབ་མོད། འོན་ཀྱང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་རེ་ནན་པོ་དང་བླང་བྱ་ཁ་གསལ་དང་། བོད་ཀྱིས་འཁུར་བའི་འགན་འཁྲི་ཆེན་པོ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་བསྡུར་ན། ད་དུང་ཧེ་བག་ངེས་ཅན་ཡོད་ཅེས་བསྟན་ཡོད། འདི་ནི་རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར“ཆབ་སྲིད་ཀྱི་ཞིབ་བཤེར”ཐེངས་གཅིག་བྱས་པ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་སྔར་བས་བསྒྲུབ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་ཞིག་རེད་ལ། ང་ཚོར་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱེད་རོགས་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ཐོབ་དཀའ་བའི་གོ་སྐབས་ཤིག་རེད། ང་ཚོས་བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་དང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གི་ཚུར་ལན་བསམ་འཆར་དག་ཐེར་བླང་བྱའི་ཐོག་གཅིག་གྱུར་ཡོང་བ། ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བཅས་བྱེད་པ་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་སྔར་ལས་ལྷག་པ་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི“རྗེས་མའི་བཀོད་སྒྲིག་ལས་ཀ”ཡག་པོ་སྒྲུབ་པ། བློ་ཐག་ཆོད་ཤོས་དང་ནུས་པ་ཆེ་ཤོས་ཀྱི་བྱ་ཐབས་སྤྱོད་པ། གནད་དོན་ཕྱོགས་ཡོངས་ནས་དག་ཐེར་མཐར་ཕྱིན་ཐུབ་པའི་འགན་ལེན་བྱེད་པ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་གྱི་ཆབ་སྲིད་ཀྱི་འགན་འཁྲི་དང་། ཀྲུང་ཧྭ་མི་རིགས་ཡུན་རིང་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་བའི་བླ་ན་མེད་པའི་འགན་འཁྲི། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པའི་དུས་རབས་ཀྱི་ལས་འགན་ལྕི་པོ་ཕྲག་ཐོག་ཏུ་མཐའ་གཅིག་ཏུ་འཁུར་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེཌ་སུ་འགྲོ་བའི་འགན་ལེན་བྱེད་དགོས།

    བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཕན་འབྲས་བསྐལ་བརྒྱར་ཐོན་པ་དང་གནམ་འོག་མི་ཚང་མར་ཕན་པ་ཞིག་རེད། མིག་སྔར་རང་ལྗོངས་འདི་ཉིད་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བ་དང་། སྲུང་སྐྱོང་དང་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། ཁོར་ཡུག་བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ་བཅས་ཀྱི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། ང་ཚོས་མི་དམངས་མང་ཚོགས་དང་ཕ་ཚ་བུ་རྒྱུད་ལ་འགན་ཧ་ཅང་ཆེན་པོ་འཁུར་བའི་རྣམ་འགྱུར་གྱི་ཐོག་ནས། གངས་ལྗོངས་ས་མཐོའི་སྲོག་ཆགས་རྩི་ཤིང་དང་རི་ཆུ་སྲུང་སྐྱོང་ཏན་ཏིག་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཧུར་ཐག་སྐྲུན་པ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ“ལྗང་མདོག་གི་སྒུལ་ཤུགས་ཆེན་པོ”སྣོན་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པའི་ཚ་ཚ་འུར་འུར་གྱི་ལག་ལེན་དང་ཕན་འབྲས་དངོས་བཅས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།