[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རིམས་ནད་ཀྱི་མདུན་དུ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2020-02-13

    རིམས་ནད་ཐོན་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་བྱ་སྤྱོད་མྱུར་པོ་སྤེལ་བ་དང་ནུས་ཤུགས་ཡོད་རྒུས་འབད་འཐབ་བྱས་ནས་ཉམས་མྱོང་བཟང་པོ་དང་། བྱ་ཐབས་བཟང་པོ། ཕན་འབྲས་བཟང་པོ་བཅས་མི་ཉུང་བ་ཞིག་བསགས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ང་ཚོའི་གདེང་ཚོད་དང་ཆོད་སེམས་བརྟན་དུ་ཕྱིན་ནས་ང་ཚོས་རྒྱལ་ཁ་ཐོབ་ངེས་ཡིན་པའི་དད་སེམས་དང་བློ་སྟོབས་ལ་སྐུལ་མ་ཐེབས་པར་བྱས་ཡོད། ཉིན་བཅུ་ལྷག་ཙམ་ནང་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱེད་པ་ནས་འཐབ་ས་དང་པོར་གཅིག་སྡུད་བྱེད་པའི་བར་དང་དམངས་ཡོངས་ཀྱིས་བྱ་སྤྱོད་སྤེལ་བ་ནས་ཚང་མས་དཔུང་འཇུག་གིས་མདུན་སྐྱོད་བྱེད་པའི་བར་ང་ཚོས་རིམས་ནད་ཀྱི་གནས་ཚུལ་ཛ་དྲག་པའི་སྐབས་མཐུན་སྒྲིལ་འབད་འཐབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་གནས་ཚུལ་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱས་ཡོད། དུས་ཚོད་དང་འགྲན་བསྡུར་དང་། རིམས་ནད་ལ་འགོག་རྒོལ། ཚེ་སྲོག་ལ་སྲུང་སྐྱོབ་བཅས་བྱེད་པར་ངེས་པར་དུ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་མདུང་རྩེ་ཁ་སྤྲོད་བྱས་ཏེ་ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་ཐོག་ནས་ནུས་ཤུགས་ཡོད་རྒུས་འགྲན་ལན་སློག་སྟེ་སླར་ཡང་མདུན་སྐྱོད་དང་ཕྱི་ནང་མཉམ་འགོག་གིས་འབད་འཐབ་མཐར་ཕྱིན་པ་བྱས་ཏེ་སླར་ཡང་གདོང་མཆོང་བྱེད་དགོས།

    མིག་སྔའི་རིམས་ནད་ཀྱི་རྣམ་པ་སྔར་བཞིན་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོད་པས་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་དགོས། དངོས་ཡོད་ཀྱི་ཁོར་ཡུག་ནས་བལྟས་ཚེ་རིམས་ནད་ཁྱབ་པའི་དུས་མཚམས་སུ་གནས་པ་དང་རིམས་ནད་འགོག་པའི་མཚམས་ཚིགས་སྔར་བཞིན་ཐོན་མེད། 

    རང་ལྗོངས་དཔྱིད་གསར་སྐྱེལ་འདྲེན་གྱི་ཕྱིར་ལོག་བྱེད་མཁན་མང་བ་དང་། གསོ་རླུང་ཉུང་ཤོས། དགུན་དཔྱིད་ཀྱི་ཆམ་རིམས་ཐོན་མང་བ། བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པ་བཅས་ཀྱི་དུས་ཚིགས་བཞི་མཉམ་དུ་འཁེལ་བ་ལས། སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་འགྲན་སློང་དང་ཚོད་བགམ་ཆེན་པོ་ཕྲད་ཡོད། གལ་ཏེ་རིམས་ནད་ཁྱབ་ཚེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ལ་བསམ་ཚོད་ལས་འདས་པའི་གནོད་འཚེ་བཟོ་སྲིད། ལས་ཀར་སྐུལ་འདེད་གཏོང་བའི་ཐད་ནས་བལྟས་ཚེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྣམ་པར་རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བ་དང་ཆབས་ཅིག ངལ་དུབ་དང་ལྷོད་གཡེང་ཤོར་སླ་བ་དང་ལས་དོན་ཁག་ལའང་རྒྱུན་ཆད་མེད་པར་གནས་ཚུལ་གསར་པ་དང་གནད་དོན་གསར་པ་འཕྲད་བཞིན་ཡོད་པས། གལ་ཏེ་ནོར་འཛོལ་ཤོར་ན། དེའི་གོང་དཀའ་ལས་བརྒྱབ་པ་རྣམས་ངལ་བ་འབྲས་མེད་དུ་འགྱུར་སྲིད་ལ། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྣམ་པ་ཇེ་སྡུག་ཏུའང་འགྲོ་སྲིད། མིག་སྔའི་དུས་མཚམས་ནས་བལྟས་ཚེ། རང་ལྗོངས་རིམས་ནད་འགོག་རྒོལ་གྱི་འགག་རྩའི་དུས་ཡིན་ལ། བརྟན་ལྷིང་སྲུང་སྐྱོང་གི་འགག་རྩའི་མཚམས་ཚིགས་ཀྱང་རེད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱེད་བཞིན་པའི་སྐབས་འདིར་ཏཱ་ལའི་རུ་ཚོགས་དང་ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་ཀྱིས་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་མགྱོགས་མྱུར་སྤེལ་བཞིན་ཡོད་པས་གནས་ཚུལ་འདི་ལྟ་བུའི་འོག་ང་ཚོས་དེ་བས་དོགས་ཟོན་ཆེར་སྐྱེད་ཀྱིས་ལྷོད་གཡེང་དང་། སྣང་མེད། ཧོལ་རྒྱུག་བཅས་གཏན་ནས་གཏོང་མི་རུང་།

    རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་ནི་མི་དམངས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་དང་ཐད་ཀར་འབྲེལ་བ་ཡོད་ལ། དཔལ་འབྱོར་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་དང་ཡང་ཐད་ཀར་འབྲེལ་བ་ཡོད། རིམས་ནད་ལ་རྦད་དེ་རྒྱལ་ཁ་མ་ཐོབ་བར་དམག་འཐབ་གཏན་ནས་མཚམས་འཇོག་བྱ་མི་རུང་། བསམ་བློའི་ཐད་ནས་སླར་ཡང་མཐོང་ཆེན་དང་། སྒྲིག་འཛུགས་ཐད་སླར་ཡང་ཤུགས་སྣོན། བྱེད་ཐབས་ཐད་སླར་ཡང་ནན་པོ་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་དགོས་གཏུགས་ཀྱི་བསམ་པ་དང་ཉེན་ཁའི་བསམ་པ་རྒྱུན་འཁྱོངས་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩ་འདིར་དམ་པོར་དམིགས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་མིག་སྔའི་ལས་དོན་གལ་ཆེ་ཤོས་སུ་བརྩིས་ནས་དམ་འཛིན་བྱས་ཏེ་འགག་སྒྲོལ་དཀའ་སེལ་གྱི་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་མུ་མཐུད་རྒྱུན་འཁྱོངས་དང་། རྒྱུན་མཐུད་འབད་འཐབ་བྱེད་པའི་དཔའ་ངར་ཞུམ་མེད་ཀྱི་སྤྱོད་ཚུལ་རྒྱུན་འཁྱོངས། རིམས་ནད་ཁྱབ་པ་མཐའ་གཅིག་ཏུ་འགོག་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པ་བཅས་བྱེད་དགོས། “སྔོན་འགོག”གི་ལས་དོན་གཏིང་ཟབ་དང་། ཞིབ་ཕྲ། ཏན་ཏིག་བཅས་ཀྱི་སྒོ་ནས་བསྒྲུབས་ཏེ་ཕྱི་ནས་མ་འགོས་པའི་འགན་ལེན་ཏན་ཏིག་བྱེད་པ་དང་། བོད་སྐྱོད་ཀྱི་འགག་སྒོ་ཚང་མར་ཞིབ་བཤེར་དང་ཞིབ་དཔྱད་བྱེད་ཤུགས་ཆེ་རུ་གཏོང་བ། འགག་སྒོ་ནན་པོ་སྲུང་ནས་འགག་སྒོ་ནས་རིམས་ནད་མ་མཆེད་པ་བྱེད་པ། ཁུག་ཆ་མ་ལུས་པར་ཞིབ་བཤེར་ནན་པོ་བྱས་ཏེ་ནང་དུ་མ་ཁྱབ་པར་བྱེད་པ། ཁྱིམ་སྡོད་ལོགས་སུ་འཇོག་པའི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ། མི་སྣ་མཉམ་འཛོམས་ཉུང་དུ་ནུས་ལྡན་བཏང་ནས་རིམས་ནད་ཁྱབ་ལམ་ནུས་ལྡན་འགོག་དགོས། “འགོག་སྲུང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བའི”མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱས་ནས་མང་ཚོགས་ལ་སྐུལ་སློང་དང་། མང་ཚོགས་སྒྲིག་འཛུགས། མང་ཚོགས་གཅིག་སྒྲིལ་བཅས་རྒྱ་ཁྱབ་བྱེད་པ་དང་། མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཞབས་འདེགས་ཞོར་དུ་དོ་དམ་ཚོད་འཛིན་བྱས་ཏེ་སྲིད་ཇུས་དྲིལ་བསྒྲགས་དང་། འཚོ་བ་འགན་ལེན། སེམས་ཁྲལ་དང་དཀའ་ངལ་སེལ་བ། བདེ་ཐང་སློབ་གསོ། བསམ་བློ་གསེད་བཀྲོལ། མི་ཆོས་དོ་ཁུར་སོགས་དམངས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། བྱ་བ་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། མི་སེམས་རྣལ་དུ་འབེབས་པ་བཅས་བྱས་ནས་ཞབས་འདེགས་ཞུ་རིང་མང་ཚོགས་ཀྱིས་རིམས་ནད་ལ་ཁ་གཏད་ཧུར་ཐག་གཅོག་པ་དང་། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས། རིམས་ནད་ཀྱི་མདུན་དུ་མི་ཚང་མ་འཐབ་འཛིང་བ་ཞིག་ཡིན་པ་དང་ཚང་མར་འགན་འཁྲི་ཡོད་པས་སྣང་མེད་ལྷོད་གཡེང་བྱེད་པ་ནི་ཉེན་ཁ་ཆེ་ཤོས་ཡིན་སྟབས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་བཏང་ནས་དཀའ་ངལ་དང་ཉེན་ཁར་ཚོད་དཔག་ཆེ་ཙམ་དང་། ཐག་གཅོད་བྱེད་ཐབས་སྔར་བས་གྲ་སྒྲིག་འཐུས་ཚང་། འགོག་སྲུང་གི་དྲ་རྒྱ་སྔར་བས་ནན་དུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁ་མཐར་ཕྱིན་པ་མ་ཐོབ་བར་དམག་མཚམས་མི་འཇོག་པའི་སྙིང་རུས་དང་། བསྐོངས་ན་ཡོང་ཐུབ་པ་དང་འཐབ་ན་རྒྱལ་ངེས་ཡིན་པའི་དད་སེམས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་དྲག་པོ་འདིར་རྒྱལ་ཁ་ལེན་དགོས།

    ཁ་བ་བབས་རྗེས་གངས་ཤུལ་ཉི་མ་དྲོ་བའི་དཔེ་ལྟར། རྒྱུན་འཁྱོངས་བྱས་ན་རྒྱལ་ཁ་མི་འཐོབ་པ་མེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ལྷོད་གཡེང་སྤུ་ཙམ་ཡང་མ་བཏང་ཚེ་བོད་ལྗོངས་རྒྱལ་ཡོངས་དང་མཉམ་དུ་མཐར་རིམས་ནད་ལས་རྣམ་པར་རྒྱལ་ཏེ་སྔ་ཙམ་མེ་ཏོག་རྣམ་པར་བཞད་པའི་དཔྱིད་དུས་བསུ་ཐུབ་པ་དང་གངས་ལྗོངས་ས་མཐོ་དང་ཀྲུང་གོའི་ས་གཞི་ཆེ་མོར་བདེ་ཐང་དང་དུས་བདེ་ཞི་འཇགས་ཡོང་ངེས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།