[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ལས་ཞུགས་ཀྱི་འདུ་ཤེས་བསྒྱུར་ནས་མི་ཚེའི་ངོ་མཚར་གཏོད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-06

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལས་ཞུགས་ནི་དམངས་སེམས་འདུ་འགོད་དང་། དམངས་འཚོའི་འདུ་འགོད། རྨང་གཞིའི་འདུ་འགོད་བཅས་ཆེ་ཤོས་ཡིན་པས། ངེས་པར་དུ་དམ་འཛིན་ཏན་ཏིག་དང་ཡག་པོ་བྱེད་དགོས”ཞེས་བསྟན་གནང་ཡོད། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་ལྗོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་4.4གསར་དུ་ལས་ཞུགས་ཐུབ་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་88%ལེགས་གྲུབ་ཟིན་པ་དང་སྦྲགས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3%ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད། དེས་ན། རང་ལྗོངས་སུ་སྲིད་གཞུང་གིས་ལས་ཞུགས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱིས་ལས་ཞུགས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། ལས་ཤོར་མི་སྣས་རང་བརྟེན་ལས་གཏོད་ཧུར་ཐག་བྱེད་པ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་ཡོད་ཅེས་བརྗོད་ཆོག 

    ལས་ཞུགས་ཀྱི་གནད་དོན་ནི་ངོ་བོའི་ཐོག་ནས་བརྗོད་ན“ལྟོ་ཕོར”གྱི་གནད་དོན་རེད། གལ་ཏེ“ལྟོ་ཕོར”གྱི་གནད་དོན་ཐག་གཅོད་ཡག་པོ་མ་ཐུབ་ན་སྤྱི་ཚོགས་ལ་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་ཐོན་ངེས་རེད། དོན་དངོས་དང་འཚམ་པའི་སྒོ་ནས་བརྗོད་ན། མིག་སྔའི་ལས་ཞུགས་ལས་གནས་དང་རྣམ་པ་ཉིན་རེ་བཞིན་ཕུན་སུམ་ཚོགས་ལ་སྣ་མང་གི་དེང་རབས་སྤྱི་ཚོགས་སུ་སློབ་གྲྭ་ཆེ་མོ་བས“ལྟོ་ཕོར”ཅིག་རག་པ་བྱ་རྒྱུ་ནི་དཀའ་ལས་ཁག་པའི་བྱ་བ་ཞིག་མིན་མོད། འོན་ཀྱང“ལྟོ་ཕོར”ཡག་པོ་ཞིག་རག་པ་བྱ་རྒྱུ་དེ་ཡང་ལས་སླ་པོ་ཞིག་མ་རེད། རྒྱུ་མཚན་སྟབས་བདེ་པོ་ཡིན་ཏེ། མིག་སྔར་རང་ལྗོངས་ཀྱི་ལས་ཞུགས་དུས་བབ་སྤྱིའི་ཆ་ནས་ཡག་པོ་ཡོད་མོད། འོན་ཀྱང་གྲུབ་ཆའི་རང་བཞིན་གྱི་མཁོ་སྤྲོད་འགལ་ཟླ་རྩ་བའི་ཆ་ནས་སེལ་ཐུབ་མེད་པ་དང་། མི་དང་ལས་གནས་མི་མཐུན་པའི་གནས་ཚུལ་སྔར་བཞིན་གནས་ཡོད་པས། ཕྱོགས་གཅིག་ནས་ཁེ་ལས་ཁག་གཅིག་ལ་ལས་མི་བསྡུ་མི་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་མི་མང་པོ་ཞིག་ལ་རང་ལ་འཚམ་པའི་ལས་གནས་རྙེད་ཀྱི་མེད། གནས་ཚུལ་དེ་ནི་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ང་ཚོས“ལྟོ་ཕོར”ལ་འཛིན་པའི་རྣམ་འགྱུར་ལ་ཐུག་ཡོད། ད་ལྟའི“ལྟོ་ཕོར”ཡག་པོ་འཚོལ་དཀའ་བའི་རྒྱུ་མཚན་ནི་རང་ལ་རག་པའི“ལྟོ་ཕོར”ཡག་པོ་མ་འཇུས་ན་ཤོར་སླ་པོ་ཡོད་པས་རེད། དེར་བརྟེན། ལས་ཞུགས་དཀའ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ལས་ཞུགས་ཀྱི་འདུ་ཤེས་རེད། དངོས་ཡོད་འཚོ་བའི་ནང་། ན་གཞོན་ལ་ལ“ཨ་གསར་ཚ་པོ”ཡོད་པ་ང་ཚོས་རྟག་ཏུ་མཐོང་རྒྱུ་ཡོད།

    དོན་དངོས་ཐོག་ཁྱབ་ཁོངས་ཚང་མའི་ནང་སྤྱིར་བཏང་གི་ལས་གནས་ཁྲོད་དུའང་སྤྱིར་བཏང་མིན་པའི་བྱ་བ་སྒྲུབ་ཐུབ། མངགས་སྐྱེལ་ལས་སྟེགས་ཤིག་གིས་འདི་ལོའི་ཟླ་8པར་ཡོངས་བསྒྲགས་བྱས་པའི《2019ལོའི་སློབ་གྲྭ་ཆེ་མོ་བའི་མངགས་སྐྱེལ་བར་ལྟ་ཞིབ་བྱས་པའི་སྙན་ཞུ》ལས་མངོན་གསལ། འདི་ལོའི་དབྱར་གསེང་རིང་སློབ་གྲྭ་ཆེ་མོ་ཁྲི་གཅིག་ཙམ་གྱིས་མངགས་སྐྱེལ་བ་གཅིག་ལྕོགས་བྱས་པས་སློབ་མ་མང་པོ་ཞིག་ལ་ཟླ་རེར་ཡོང་འབབ་སྒོར་ཁྲི་གཅིག་ལྷག་ཙམ་བྱུང་ཡོད། དོན་དངོས་ཐོག་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་མྱུར་པོ་འགྲོ་བའི་དུས་རབས་གསར་པར་བསམ་པའི་ངལ་རྩོལ་དང་ལུས་པོའི་ངལ་རྩོལ་དབར་གྱི་དབྱེ་མཚམས་དེ་བས་གསལ་པོ་འབྱེད་དཀའ། གཞུང་ལས་ཁང་དུ་ལས་ཀ་བྱེད་མཁན་གྱི་གླ་ཕོགས་ཡོང་འབབ་དང་ལས་རིགས་ཀྱི་གྲུབ་འབྲས་མྱོང་ཚོར་དེ་མྱུར་སྐྱེལ་ཕོ་གཞོན་དང་བུ་རྫི་ལས་མཐོ་བའི་ངེས་པ་མེད། མྱུར་སྐྱེལ་ཕོ་གཞོན་དང་བུ་རྫིའི་འཇོན་ཐང་དང་ཆུ་ཚད་དང་། ཁོང་དུ་ཆུད་པའི་ཤེས་བྱ་དང་ལག་རྩལ་ཡང་གཞུང་ལས་ཁང་དུ་ལས་ཀ་བྱེད་མཁན་ལས་ཞན་པའི་ངེས་པ་མེད། ལས་རིགས་ལ་མཐོ་དམན་དང་དྲག་ཞན་མེད་པས་ང་ཚོས་ལས་རིགས་ཀྱི་མཐོང་རྒྱ་ཅུང་ཆེ་རུ་གཏོང་བ་དང་། ལས་འདེམས་ཀྱི་ཆ་རྐྱེན་ཅུང་ལྷུག་ཏུ་གཏོང་བ། ལས་ཀའི་དུས་ཚོད་ཅུང་མང་དུ་གཏོང་བ་བཅས་བྱས་ཚེ་ལས་གནས་སུ་ལས་ཞུགས་ཐུབ་ཚད་ཆེ་རུ་ཤུགས་ཆེན་འགྲོ་ངེས་རེད། 

    ལས་རིགས་ཚང་མར་གྲུབ་འབྲས་དང་། བྱ་གཞག་གཏོད་ཐུབ། ལས་ཞུགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་གཏོང་བའི་ཆེས་འགག་རྩ་ནི“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་རྩ་བའི་བྱ་ཐབས་ལ་བརྩིས་ནས་ཞིང་འབྲོག་པ་གྲོང་ཁྱེར་དང་གྲོང་གསེབ་ཏུ་ལས་ཞུགས་ཐུབ་པ་དང་། ཐག་ཉེ་ས་དང་སྟབས་བདེ་ས་དང་རང་ས་རང་ཡུལ་ནས་མི་བྲལ་བ་དང་ལས་ཤེས་པ་དང་ལས་འཇོན་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་སྲིད་གཞུང་དུ་ལས་ཞུགས་དང་ཁྲོམ་རར་ལས་ཞུགས་བྱེད་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དེ་བས་ལེགས་ལ་སྤུས་ཚད་དེ་བས་མཐོ་བའི་ལས་ཞུགས་ལ་ཕན་པའི་སྐུལ་འདེད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བླང་བྱ་གཞིར་བཟུང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་འདེབས་འཛུགས་གསོ་ཚགས་ལས་རིགས་དང་། མི་རིགས་ལག་ཤེས་ལས་རིགས། གྲོང་གསེབ་ཀྱི་ཡུལ་སྐོར་སོགས“རང་ས་རང་ཡུལ་ནས་བྲལ་མི་དགོས་པའི”ཐོན་ལས་གཙོ་གནད་ཐོག་འཕེལ་རྒྱས་བཏང་སྟེ་རྒྱ་ཆེའི་ངལ་རྩོལ་པས་ཞིང་འབྲོག་ཁུལ་གྱི་ས་གཞི་ཆེ་མོར་ངལ་རྩོལ་ལ་ཞུགས་རྒྱུའི་ཡིད་དབང་འགུག་དགོས། མཐོ་སློབ་ཀྱི་ཆེད་ལས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ་དང་། བསམ་ཕྱོགས་སྔར་བས་རྒྱ་ཆེར་བཏང་ནས་སྲིད་གཞུང་དང་། ཁེ་ལས། སྤྱི་ཚོགས། མཐོ་སློབ་སློབ་ཐོན་སློབ་མ་བཅས་ཕྱོགས་བཞིའི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱས་ཏེ་སློབ་ཐོནསློབ་མར་རིགས་དབྱེའི་མཛུབ་ཁྲིད་དང་། གནད་སྨིན་ཇུས་འདོན། མི་དང་ཁེ་ལས་སྦྲེལ་མཐུད་བཅས་བྱས་ཏེ་ལས་ཞུགས་ལས་གཏོད་ལེགས་གྲུབ་བྱུང་ཚད་ལ་བརྟེན་ནས་ཁྲོམ་རར་ལས་ཞུགས་ཐུབ་པའི་ཡིད་དབང་འགུག་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གཞན་ཡང་ལས་ཀ་འཚོལ་མཁན་གྱིས་ལུགས་རྙིང་སྲོལ་ངན་དོར་བ་དང་ལས་ཞུགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་བཏང་སྟེ་ཉིན་ལྟར་འཁང་ར་བྱས་ནས་མི་སྡོད་པར་སྔོན་ལ་ལས་ཀ་བཙལ་ཏེ། མི་སྒེར་གྱི་ཕུགས་བསམ་དང་སྤྱི་ཚོགས་ཀྱི་དགོས་མཁོ་ཟུང་འབྲེལ་གྱིས་སྤྱིར་བཏང་གི་ལས་རིགས་ནས་ལས་འགོ་རྩོམ་པ་དང་། གླ་ཆ་དམའ་པོ་ནས་ལས་ཀ་བྱེད་འགོ་བཙུགས་ཏེ་གཞི་རིམ་དུ་བྱ་གཞག་སྒྲུབ་པ་དང་། གཞི་རིམ་དུ་ལས་གནས་གཏན་འཁེལ་བྱེད་པ། གཞི་རིམ་དུ་མི་སྒེར་གྱི་ཕུགས་འདུན་དོན་གཉེར་བྱས་ཏེ་རང་ཉིད་ཀྱི་ངེས་གནས་འཚོལ་བ་དང་། འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་པོ་བཟོ་བ། ཁྲོམ་ར་བརྒྱུད་ལས་ཞུགས་གང་ལེགས་ཐུབ་པ་བཅས་ལ་བརྟེན་ནས་མི་ཚེའི་ངོ་མཚར་གཏོད་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།