[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • འབྲི་གཡག་ཐོན་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ལི་མའེ་དབྱིང་།    |    སྤེལ་དུས།   2019-11-29

    མིག་སྔར། རང་ལྗོངས་ཀྱི་འབྲི་གཡག་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བའི་ཐད་སྨྱུག་འཛིན་པའི་ངོས་འཛིན་ལྟར་ན། ང་ཚོས་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་གོ་སྐབས་སུ་བྱས་ཏེ། ཐབས་མང་མཉམ་སྤྱོད་ཀྱིས་འབྲི་གཡག་གསོ་ཚགས་དང་ལས་སྣོན་ཆུ་ཚད་མཐོ་པོ་མེད་པ་སོགས་ཀྱི་དཀའ་གནད་རབ་དང་རིམ་པ་ཐག་གཅོད་བྱས་ནས། “བོད་ཀྱི་འབྲི་གཡག”གི་སྤུས་རྟགས་ཡག་པོ་དེ་སྔར་བས་གཏོད་དགོས།

    གསོ་ཚགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། ཞིང་ཁུལ་དང་། འབྲོག་ཁུལ། ས་མ་འབྲོག་བཅས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་དང་ལེགས་ཆ་འཚོལ་ཞིབ་གནད་སྨིན་བྱས་ཏེ་རྒྱུད་པ་གཙོ་བོ་དང་། བར་མཐོངས་ཀྱི་བཀོད་པ། གསོ་ཚགས་ཀྱི་གཞི་ཁྱོན་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་བྱེད་པ་དང་། འཕེལ་རྒྱས་གཏོང་སྟངས་ལ་འགྱུར་བ་བཏང་སྟེ་ཡུལ་བབ་དང་བསྟུན་ནས་འབྲི་གཡག་གི་ཁྱད་ལྡན་འབྲོག་ལས་འཕེལ་རྒྱས་གཏོང་བ་དང་། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་ཚད་ལྡན་ཅན་གྱི་དཔེ་སྟོན་གཏོད་པའི་བྱེད་སྒོ་མུ་མཐུད་སྤེལ་ནས་འབྲི་གཡག་གི་གཟན་རྩྭ་གྲབས་གསོག་ལས་དོན་ཡག་པོ་སྒྲུབ་པ། ཁོར་ཡུག་གི་ཐེག་ནུས་ལ་བསམ་གཞིག་བྱེད་པ། གསོ་ཚགས་ཀྱི་གྲུབ་ཆ་དང་བཀོད་པ་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་པ། སྣོད་བཅུད་གསོ་ཚགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་དང་མཐུན་འཕྲོས་ཀྱི་འབྲི་གཡག་གསོ་ཚགས་ལས་རིགས་གསར་པ་འཛུགས་སྐྱོང་བཅས་བྱེད་དགོས།

    རྒྱུད་པ་གསོ་ཚཌ་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། ཞིང་ཆེན་དང་པུའུ་ཡིས་མཉམ་དུ་བསྐྲུན་པའི་འབྲི་གཡག་གི་རྒྱུད་པའི་ཐོན་ཁུངས་དང་རྒྱུད་པ་ལེགས་སུ་གཏོང་བའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ས་གནས་ཀྱི་རྒྱུད་པ་འདེམས་གསོར་ཤུགས་སྣོན་རྒྱག་པ་དང་། གསོ་སྤེལ་ར་བ་དང་། གསོ་ཚགས་ཁུལ་ཆུང་། གསོ་ཚགས་དུད་ཚང་ཆེ་མོ་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་རྒྱུད་པ་གསོ་ཚགས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། དེ་དང་ཆབས་ཅིག་ཚན་ཞིབ་སྡེ་ཚན་དང་ཁེ་ལས་ལ་བརྟེན་ནས་ཞིང་ཞོར་ཐོན་རྫས་གསར་སྤེལ་དང་བེད་སྤྱོད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ནང་གི་འཐུས་སྒོ་ཚང་བའི་ལག་རྩལ་དང་སྔོན་ཐོན་ཉམས་མྱོང་ནང་འདྲེན་མང་ཙམ་བྱས་ནས་གཟན་རྩྭ་ལས་སྣོན་གྱི་ནུས་པ་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས།

    ལས་སྣོན་གྱི་ལས་དོན་ཡག་པོ་སྒྲུབ་དགོས། སྐུལ་ལྕག་ལམ་སྲོལ་སྤྱད་དེ་འབྲི་གཡག་གི་ཤའི་ཐོན་རྫས་ལས་སྣོན་གྱི་བཟོ་རྩལ་ལེགས་སུ་གཏོང་བར་སྐུལ་མ་གཏོང་བ་དང་། རང་ལྗོངས་ཀྱི་ཁྱད་ལྡན་འབྲོག་ལས་ཐོན་རྫས་སྐྱེད་སྲིང་བྱས་ནས་སྲིད་གཞུང་གིས་སྣེ་ཁྲིད་བྱེད་པ་དང་། ཁེ་ལས་དང་། གསོ་ཚགས་དུད་ཚང་། ལས་རིགས་མཐུན་ཚོགས་བཅས་ཞུགས་པ། ཟོག་གོང་གཙོ་གནད་དོ་དམ་སྡེ་ཚན་གྱིས་མཛུབ་ཁྲིད་བྱེད་པའི་འབྲོག་ལས་ཐོན་རྫས་རིན་གོང་གི་གྲོས་མོལ་ལམ་སྲོལ་འཛུགས་པ་དང་། འབྲི་གཡག་ཐོན་རྫས་ལས་སྣོན་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་མ་ལག་འཛུགས་པ། ཁེ་ལས་ཀྱིས་རང་ཉིད་ཀྱི་བཤས་ར་དང་འཁྱགས་ཉར་སྐྱེལ་འདྲེན་ལས་རིགས་འཛུགས་པར་རྒྱབ་སྐྱོར་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།