[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རྒན་གསོའི་ཞབས་འདེགས་ཞུ་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ལུའུ་ལི་ཅོན་གྱིས།    |    སྤེལ་དུས།   2019-11-27

    ལོ་མང་རིང་། ལྷ་ས་གྲོང་ཁྱེར་གྱིས་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། འགན་ལེན་ལྔའི་དུད་ཚང་གི་མི་ཧྲེང་རྒན་རྒོན་གྱི་འདོད་འདུན་དང་ལེན་བྱས་རྗེས། གྲོང་ཚོར་ཁ་ཐོར་དུ་གནས་པའི་རྒན་རྒོན་རྣམས་རྫོང་དང་ཆུས་ཡན་གྱི་རྒན་གསོ་ཁང་དུ་གཅིག་སྡུད་བསྙེན་བཀུར་བྱས་ཏེ“སྨན་བཅོས་དང་། ལུས་གསོ། ནད་སྐྱོང”བཅས་ཟུང་དུ་འབྲེལ་བའི་ནད་གཡོག་རྒྱུག་པ་དང་དེ་བཞིན་ཟ་སྡོད་རོལ་རྩེད་སོགས་ཀྱི་འཚོ་བའི་ཞབས་འདེགས་ཞུས་པར་བརྟེན། རྒན་རྒོན་ལུས་སེམས་བདེ་ཐང་ཐུབ་པ་དང་ཆབས་ཅིག་ཁྱིམ་ཚང་ལྟ་བུའི་དྲོ་སྐྱིད་ཚོར་ཐུབ་པ་བྱུང་ཡོད།

    སྨྱུག་འཛིན་པས་ངོས་འཛིན་བྱས་དོན། ལྷ་ས་གྲོང་ཁྱེར་གྱིས་སྤྱི་ཚོགས་ཅན་གྱི་རྒན་གསོའི་ཞབས་འདེགས་ལས་དོན་ལེགས་པར་བསྒྲུབས་པ་དང་དུས་མཚུངས། ལྷ་སའི་ཁྱད་ཆོས་ལྡན་པའི་རྒན་གསོའི་ཞབས་འདེགས་ཞུ་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས། “དྲ་སྦྲེལ+རྒན་གསོའི”ལས་སྟེགས་ཧུར་ཐག་བསྐྲུན་ཏེ་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། སྤྱི་ཚོགས་ཀྱི་ཐོན་ཁུངས་ལ་སྤྱི་འདོམས་བྱས་ཐོག་ལྷ་སའི་ཁྱད་ཆོས་ལྡན་པའི“དྲ་སྦྲེལ+རྒན་གསོའི”རྣམ་པ་གསར་པ་ཧུར་ཐག་བཏོད་ཡོད།

    “རིག་ལྡན་དམངས་སྲིད”ཀྱི་དྲ་རྒྱའི་ལས་སྟེགས་ལ་བརྟེན་ནས“རྒན་གསོའི་ཞབས་འདེགས་ཆ་འཕྲིན་ལས་སྟེགས”དང་རྒན་རྒོན་མི་འབོར་གྱི་གྲངས་གཞིའི་མཛོད་འཛུགས་སྐྱོང་ལས་དོན་ལེགས་པར་བསྒྲུབས་ཏེ་རྒན་གསོའི་ཞབས་འདེགས་ཆ་འཕྲིན་མེད་པ་དང་ཁ་ཐོར་རྣམ་པར་འགྱུར་ལྡོག་གཏོང་དགོས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཚོད་ལྟ་ཐེངས་རེ་གཉིས་བྱས་ནས་དྲ་རྒྱའི་མངགས་ཉོ་དང་ཛ་དྲག་རོགས་སྐྱོབ་སོགས་ཀྱི་ཞབས་འདེགས་ཞུས་པ་དང་འབྲེལ། བཅའ་ཁྲིམས་རོགས་སྐྱོར་དང་བརྡ་གཏོང་ལྟེ་གནས་སོགས་ཀྱི་བྱེད་ནུས་རིམ་བཞིན་ཆེ་རུ་བཏང་ཡོད།

    རྒན་གསོའི་ཞབས་འདེགས་ཞུ་སྟངས་ལ་མུ་མཐུད་སྐུལ་འདེད་ཧུར་ཐག་གཏོང་དགོས། ཁྱིམ་རྨང་གཞིར་བྱེད་པ་དང་། སྡེ་ཁུལ་རྟེན་སར་བྱེད་པ། སྒྲིག་གཞི་ཁ་གསབ་ཏུ་བྱེད་པ། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་བཅས་བྱས་ཏེ་སྡེ་ཁུལ་གྱི་རྒན་གསོའི་ཞབས་འདེགས་དྲ་རྒྱ་རིམ་བཞིན་བསྐྲུན་དགོས། ཁྱིམ་ཚང་ལུས་གསོའི་ནད་གཡོག་དང་། ཁྱིམ་སྡོད་ཆེད་ལས་ནད་གཡོག སྡེ་ཁུལ་གྱི་དུས་ཐུང་ནད་གཡོག རྒན་གསོའི་སྒྲིག་གཞིའི་ནད་གཡོག སྨན་བཅོས་སྒྲིག་གཞིའི་ནད་གཡོག་སོགས་སྤྱི་འདོམས་བྱས་ཏེ་དྲ་ཐོག་དྲ་འོག་གི་རྒན་གསོའི་ནད་གཡོག་ཞབས་འདེགས་སྦྲེལ་ཐག་རིམ་བཞིན་ཆགས་པར་བྱེད་དགོས། ཚང་སྟོང་རྒན་རྒོན་དང་གཞིས་སྲུང་རྒན་རྒོན་ལ་དུས་བཀག་ནང་འཚམས་འདྲི་བྱེད་པའི་ལམ་ལུགས་བཟོས་ཏེ་ལོ་ན་མཐོ་བ་དང་། རིག་པ་ཉམས་པ། ནུས་པ་ཤོར་བ། ཚང་སྟོང་། གཞིས་སྲུང་བཅས་ཀྱི་རྒན་རྒོན་ལ་ཁྱིམ་ལས་དང་། ནད་གཡོག ཛ་དྲག་རོགས་སྐྱོབ་སོགས་ཀྱི་ཞབས་འདེགས་ཞུ་དགོས། རྒན་རྒོན་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས་དང་སྡེ་ཁུལ་གྱི་ཞབས་ཞུ་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྒན་གསོའི་ཞབས་འདེགས་རིམ་བཞིན་སྒྲིག་གཞི་ནས་སྡེ་ཁུལ་དུ་སྒྱུར་དགོས། དེ་དང་ཆབས་ཅིག་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་ལྷ་སའི་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་བྱ་ཐབས་ལ་སྐུལ་འདེད་གཏོང་དགོས།

    ཕྱོགས་ལྔ་གཞི་གཅིག་གི་རྒན་གསོའི་ཞབས་འདེགས་མ་ལག་ཧུར་ཐག་བསྐྲུན་དགོས། རྒན་གསོ་ཞབས་འདེགས་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་པ་དང་། རྒན་གསོའི་སྒྲིག་གཞི་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། ཉལ་ཁྲིའི་བཀོད་ཇུས་ལེགས་སུ་གཏོང་བ། སྡེ་ཁུལ་རྒན་རྒོན་གྱི་ལྟོ་ཆས་མཁོ་འདོན་བྱ་ཡུལ་རིམ་བཞིན་འཛུགས་པ་བཅས་བྱས་ཏེ་ལོ་ན་མཐོ་བ་དང་། ཁེར་གནས། ནུས་པ་ཤོར་བ་སོགས་ཀྱི་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་རྒྱུན་གཏན་གྱི་ཁ་ལག་གི་གནད་དོན་ཐག་གཅོད་བྱེད་དགོས། བཟའ་བཏུང་ལས་རིགས་དང་། རྒན་གསོའི་སྒྲིག་གཞི། རྒན་རྒོན་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས། ཆེད་ལས་ཀྱི་ལྟོ་ཆས་སྐྱེལ་མཁན་སྒྲིག་གཞི། ཚན་པ་ནང་ཁུལ་གྱི་ཟ་ཁང་བཅས་ཀྱིས་རྒན་རྒོན་གྱི་གསོལ་ལྕོག་ཆེད་མངགས་བཟོས་ནས་སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་རྒོན་ལ་བཟའ་བཏུང་དང་ལྟོ་ཆས་སྐྱེལ་བའི་ཞབས་འདེགས་ཞུ་དགོས།

    རྒན་གསོའི་ཞབས་འདེགས་ལས་རིགས་ཀྱི་ལྟ་འདོམས་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས། སྲིད་འཛིན་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒན་གསོའི་ཞབས་ཞུ་སྒྲིག་གཞི་དང་རྩ་འཛུགས་ཀྱི་སྤུས་ཚད་དང་། གཉེར་སྐྱོང་གནས་ཚུལ། སྲིད་གཞུང་གི་ཁ་གསབ་མ་དངུལ་སྤྱོད་ཚུལ་སོགས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒན་གསོའི་ཞབས་འདེགས་སྒྲིག་གཞི་དང་དེའི་ལས་སྒྲུབ་མི་སྣའི་ཡིད་རྟོན་དོ་དམ་དང་། ཆ་འཕྲིན་ཡོངས་བསྒྲགས། རྩིས་བཤེར། དཔྱད་དཔོག རིམ་པ་གཏན་འཁེལ། ལྟ་སྐུལ་མཛུབ་ཁྲིད་སོགས་ཀྱི་ལམ་ལུགས་རིམ་བཞིན་བཟོས་ཏེ་རྒན་གསོའི་ཞབས་འདེཌ་ལས་རིགས་ཧྲིལ་པོའི་ཆུ་ཚད་མཐོ་རུ་གཏོང་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།