[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སེམས་ནུས་ཡོད་རྒུས་ཤེས་ལྡན་མི་སྣ་བསྐྱངས། ཐབས་ཤེས་ཡོད་རྒུས་སློབ་ཆེན་རྩེ་གྲ་བསྐྲུན།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ་ལོ་གཅིག་འཁོར་བའི་སྐོར་བཀོད་པ། (གཉིས)

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཀྲོའུ་ཐིང་ཐིང་།    |    སྤེལ་དུས།   2019-10-22

    2018ལོའི་ཟླ་10ཚེས་15ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད། 

    སླར་ཡང་སྟོན་ཟླ་བཅུ་པ་ཤར་བ་དང་། སློབ་གྲྭའི་ཁོར་ར་ཁོར་ཡུག་གང་སར་གྲུབ་འབྲས་གཡུར་དུ་ཟ་བའི་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། ལོ་གཅིག་རིང་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངཌ་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་སྤྱོད་ཤེས་ལུས་མཛེས་ངལ་ཁྱོན་ཡོངས་ནས་ཡར་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྐང་འཛིན་པ་གསོ་སྐྱོང་ཧུར་ཐག་བྱས་ཡོད།

    མཐོ་གཟིགས་འོག་བསྐྱངས་ཀྱིས་སྐུལ་འདེད་ཤུགས་ཆེན་བཏང་བ།

    ལག་ལེན་བྱེད་པར་སྔོན་ལ་རིགས་པའི་གཞུང་ལུགས་སྦྱོང་དགོས། 2018ལོའི་ཟླ་10ཚེས་15ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་རྗེས་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་དེ་མ་ཉིད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། 《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རེའི་སློབ་གྲྭ་བཙུགས་ནས་ལོ་ངོ་དྲུག་ཅུ་འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སྒྲོག་འགྲེལ་གནད་བསྡུས》པར་འགྲེམས་བྱས་པ་རེད། དེ་རྗེས་སློབ་གྲྭ་ཡོངས་སུ“ཧྲུའུ་ཅིས་རྟེན་འབྲེལ་འཕྲིན་ཡིག་ལ་སྣང་ཆེན་དང་། དགེ་རྒན་གྱིས་རྟེན་འབྲེལ་འཕྲིན་ཡིག་བཤད་ཁྲིད། སློབ་མས་རྟེན་འབྲེལ་འཕྲིན་ཡིག་སློབ་སྦྱོང”དང་། “རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སློབ་ཁང་ནང་ཁྱབ་པ”“རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་མཆོག་ཏུ་འཛིན་པ”སོགས“རྟེན་འབྲེལ་འཕྲིན་ཡིག་སློབ་སྦྱོང་དང་། ཏང་གི་བཀའ་དྲིན་དྲན་པ། འཕེལ་རྒྱས་ལ་སྐུལ་འདེད”ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ཐོག་དངོས་འབྲེལ་གཅིག་གྱུར་ཐུབ་པར་བྱས་ཡོད།

    དུས་རབས་ཀྱི་ཁྱད་ཆོས་དང་ཡིད་དབང་འགུག་ནུས་རྒྱུན་ཆད་མེད་པར་ཆེ་རུ་དང་། ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་བློ་ལ་བརྟན་པོར་ངེས་པ། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། དྲང་ནུས་ཤུགས་ཆེར་གཏོང་རྒྱུ་བཅས་ཀྱི་ཆེད་དུ་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་ཕྱོགས་བསྡུས་འཛིན་གྲྭ་འཛུགས་སྐྲུན་དང་འཕེལ་རྒྱས་ལྟེ་གནས་བཙུགས་ཏེ་རྒྱ་ཆེའི་དགེ་སློབ་ཚོར་ཞབས་འདེགས་ཞུས་ཡོད།

    ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས།

    ཤེས་ལྡན་པ་གསོ་སྐྱོང་གི་འགག་རྩ་ནི་དགེ་རྒན་ལ་རག་ལུས་ཡོད། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་བསམ་བློ་དང་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཁྲིད་མཁན་དགེ་རྒན་གྱི་ཆབ་སྲིད་འགག་སྒོ་དང“ཞུགས་འཐུས་འགག་སྒོ”ནན་པོ་བསྲུངས་ཐོག བསམ་བློ་དང་ཆབ་སྲིད་སློབ་ཚན་ཁྲིད་མཁན་དགེ་རྒན་གྱི་རྩལ་ནུས་སློབ་ཁྲིད་ཀྱི“དམག་སྦྱོང་ཆེན་པོའི”བྱེད་སྒོ་སྤེལ་བ་དང་དུས་མཚུངས། ཁ་གཏད་རོགས་སྐྱོར་བྱེད་མཁན་མཐོ་སློབ་ཁག་གི་སློབ་གསོ་སློབ་ཁྲིད་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས། 2019ལོའི་ཟླ་1ཚེས་8ནས་15ཉིན་བར་དགེ་རྒན་53སྒྲིག་འཛུགས་བྱས་ནས་ནན་ཅིང་སློབ་ཆེན་དུ་མངགས་ཏེ། དགེ་རྒན་གྱི་རྩལ་ནུས་མཐོར་གཏོང་ཆེད་དོན་གསོ་སྦྱོང་བྱས་པ་དང་། ཟླ་7ཚེས་11ནས་17ཉིན་བར་དགེ་རྒན་52སྒྲིག་འཛུགས་བྱས་ནས་ཀྲུང་ཧྲན་སློབ་ཆེན་དུ་མངགས་ཏེ་དགེ་རྒན་གྱི་སློབ་ཁྲིད་རྩལ་ནུས་ཆེད་དོན་གསོ་སྦྱོང་བྱས་ཡོད།

    མིག་སྔར་སློབ་གྲྭ་དེར་དགེ་རྒན་ཆེ་མོ་བ་130དང་། དགེ་རྒན་ཆེ་མོ་གཞོན་པ་241 རབ་འབྱམས་པ་དང་དེ་ཡན་གྱི་སློབ་གནས་ལྡན་པའི་དགེ་རྒན་629ཡོད་པ་དང་། དེའི་ནང་འབུམ་རམས་པའི་སློབ་གནས་ཐོབ་མཁན་དགེ་རྒན་207ཡོད།

    དགེ་སློབ་མཉམ་དུ་དགའ་སྤྲོའི་དཔལ་ལ་རོལ།

    “ངས་མི་ཚེ་གཅིག་རིང་བོད་ཀྱི་མི་ཞིག་བྱས་ནས་རང་ཉིད་ཀྱི་ཡོད་ཚད་བོད་ཀྱི་སློབ་གསོའི་བྱ་གཞག་ཐད་འབུལ་རྒྱུའི་སེམས་ཐག་བཅད་པ་ཡིན”བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཕུལ་བྱུང་དགེ་རྒན་ཀྲང་ཡོན་ཁུན་གྱིས་མི་ཚེ་གཅིག་རིང་དཔེ་ཁྲིད་མི་སྐྱོང་ཁོ་ན་བྱས་ཡོད།

    ཁོང་དང་སློབ་མ་རྣམས“མཉམ་བཟའ་མཉམ་སྡོད་དང་མཉམ་དུ་སློབ་སྦྱོང་དང་མཉམ་དུ་ངལ་རྩོལ”བྱེད་ཀྱི་ཡོད་པས་དགེ་སློབ་ཕན་ཚུན་དབར་བརྩེ་བ་ཧ་ཅང་ཟབ་མོ་ཆགས་ཡོད། མ་གཞི་ཁོང་དགུང་ལོ་བརྒྱད་ཅུ་ལྷག་ཟིན་ཡོད་མོད། འོན་ཀྱང་ཁོང་གིས་ད་དུང་སྐད་འཕྲིན་བརྒྱུད་སློབ་མ་ཚོ་དང་འབྲེལ་བ་བྱེད་ཀྱི་ཡོད།

    མ་གཞི་གཟའ་མཇུག་གི་དུས་ཚོད་ཡིན་ཡང་སློབ་མའི་ལས་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཀྲང་ཡོན་ལ་ངལ་གསོ་རྒྱག་ཁོམ་མེད་པར། ཁོང་གིས《འཛིན་གྲྭའི་ཀྲུའུ་རེན་གྱི་ལག་དེབ》ཞིབ་འཇུག་བྱེད་པ་དང་། སློབ་མའི་མིང་དེབ་ལ་ལྟ་བ་དང་དུས་མཚུངས། 2019ལོའི་བཟོ་ཚོང་དོ་དམ་ཆེད་ལས་འཛིན་གྲྭ་དང་པོའི་འཛིན་ཚོགས་རྗེས་མའི་ཐོག་སྤྱོད་རྒྱུའི་ཤོག་སྒམ་དང་ཡིག་སྐོགས་36གྲ་སྒྲིག་བྱེད་བཞིན་ཡོད།

    “ངས་སློབ་མ་ཚོས་སློབ་ཆེན་ལོ་བཞིའི་དུས་ཚོད་ཟ་རི་ཟི་རིའི་ངང་སྐྱེལ་རེ་བྱེད་ཀྱི་མེད། དེར་བརྟེན་ཁོ་ཚོར་རང་ཉིད་ཀྱི་ལོ་གཅིག་རིང་གི་འཆར་གཞི་ཚང་མ་བྲིས་ནས་ཡིག་སྐོགས་ནང་བླུགས་སུ་བཅུག་སྟེ། ཁོང་ཚོ་སློབ་གྲྭ་ཐོན་སྐབས་ཕྱིར་སྤྲད་དེ་དང་ཐོག་གི་འཆར་གཞི་ཚང་མ་ལེགས་གྲུབ་བྱུང་མིན་ལྟ་རུ་བཅུག་གི་ཡོད”ཅེས་ལིའུ་ཡོན་གྱིས་གསར་འགོད་པར་རང་ཉིད་ཀྱི་བསམ་ཚུལ་བཤད།

    “ལོ་གཅིག་རིང་སློབ་གྲྭའི་མི་རིགས་ཁག་གི་དགེ་སློབ་ཚོས་བསམ་བློ་དང་བྱ་སྤྱོད་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ཐོག་དངོས་འབྲེལ་གཅིག་གྱུར་ཡོང་བར་བྱས་ཏེ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་མཐའ་འཁྱོངས་བཅས་བྱས་ནས། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ཏང་ལ་ཤེས་ལྡན་པ་གསོ་སྐྱོང་དང་རྒྱལ་ཁབ་ལ་ཤེས་ལྡན་པ་གསོ་སྐྱོང་། འབད་འབུངས་ཡར་བརྩོན་གྱིས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཆུ་ཚད་མཐོ་བའི་ཕྱོགས་བསྡུས་རང་བཞིན་གྱི་མི་རིགས་སློབ་ཆེན་བསྐྲུན་ཡོད”ཅེས་བོད་ལྗོངས་མི་རིགས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་དངོས་གྲུབ་ཀྱིས་དེ་ལྟར་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།