[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བརྟག་དཔྱད་ཞིབ་འཇུག་ཡག་པོ་བྱས་ཏེ་གནད་དོན་དངོས་ཐག་གཅོད་བྱེད་དགོས།

    ​“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བའི་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-18

    བརྟག་དཔྱད་མ་བྱས་ན། སྐད་ཆ་ཤོད་དབང་མེད་ལ། ཐབས་ཇུས་འདོན་དབང་དེ་བས་མེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག“རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་གནས་ཚུལ་དངོས་ཁོང་དུ་ཆུད་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་གནད་དོན་གང་ཞིག་ཡོད་པ་དང་དཀའ་གནད་གང་དུ་ཡོད་མིན་གསལ་པོ་ཤེས་པ་བྱས་ནས་དཀའ་གནད་སེལ་བའི་བྱེད་ཐབས་དངོས་འདོན་དགོས”ཞེས་བསྟན་ཡོད། ཁག་དང་པོའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རང་ལྗོངས་ཀྱི་འབྲེལ་ཡོད་ཚན་པ་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་འབྲེལ་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་ཞིབ་ཚགས་བྱས་པར་བརྟེན། གནས་ཚུལ་དངོས་ཁོང་དུ་ཆུད་པ་དང་། དམངས་ཀྱི་འདོད་བློ་ཤེས་རྟོགས། བསམ་ཕྱོགས་ཁ་གསལ་བཅས་བྱུང་བ་མ་ཟད། ཏང་གི་དམིགས་ཡུལ་ལག་བསྟར་དང་། ལས་ཀའི་སྤྱོད་ཚུལ་ལེགས་གཏོང་། གནད་དོན་དངོས་ཐག་གཅོད་བཅས་བྱུང་སྟེ། བརྟག་དཔྱད་ཞིབ་འཇུག་ཟམ་མི་ཆད་པར་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུར་སྐུལ་མ་ཐེབས་ཡོད།

    གནད་དོན་ལ་ཞིབ་འཇུག་དང་། སྲིད་ཇུས་བཟོ་བ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད། གྲུ་རྟགས་ཤུལ་དུ་རལ་གྲི་བཙལ་ན་མི་འགྲིག་ལ་སྒོ་བརྒྱབ་ནས་ཤིང་རྟ་འཁོར་ལོ་བཟོས་ནའང་མི་འགྲིག་ཅིང་། ནམ་མཁར་རྟ་རྒྱུག་པའི་བསམ་བློ་དེ་བས་ཀྱང་ཡོད་མི་ཉན། ངེས་པར་དུ་ཕྱོགས་ཡོངས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་དགོས།

    ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་དམིགས་ཡུལ་གལ་ཆེན་ཞིག་ནི། བརྟག་དཔྱད་ཞིབ་འཇུག་བྱས་ཏེ། མི་སེར་གྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བའི་གནད་དོན་དངོས་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་རེད། “ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན”བཅས་ཀྱི་སྤྱིའི་བླང་བྱ་ལག་བསྟར་བྱེད་པའམ་ཡང་ན། བརྗོད་དོན་གཙོ་བོའི་སློབ་གསོའི་ཞིབ་ཕྲའི་དམིགས་ཚད་དང་ལས་འགན་ཁག་མངོན་འགྱུར་བྱེད་པ་དང་། གནད་དོན་ལ་ཞིབ་ལྟ་བྱེད་པ་དང་ཡང་ན་དག་ཐེར་དོན་འཁྱོལ་བཅས་གང་གི་ཐད་ལའང་གཏིང་ཟབ་ལ་ཞིབ་ཚགས་པའི་བརྟག་དཔྱད་ཞིབ་འཇུག་གིས་འདེགས་སྐྱོར་བྱེད་དགོས། དེར་བརྟེན། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་ལས་དོན་ཏན་ཏིག་བསྒྲུབས་པ་དང་དོན་འཁྱོལ་བྱས་ཚེ། གཞི་ནས་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་གཏོང་བར་ཏན་ཏན་ཏིག་ཏིག་གི་ཕན་འབྲས་ཐོན་ཐུབ།

    བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ནི་ཚན་རིག་རེད་ལ། སྒྱུ་རྩལ་ཡང་རེད། བརྟག་དཔྱད་ཞིབ་འཇུག་ཡག་པོ་བྱེད་པར། བྱེད་ཐབས་ལ་སྣང་ཆེན་བྱས་ཏེ་དཀའ་གནད་ལ་དམ་འཛིན་ཤེས་པ་དང་ཕྱོགས་ཡོངས་ནས་ལས་དོན་སྒྲུབ་མཁས་པོ་དགོས། ལས་དོན་ཧུར་གྱིས་བསྒྲུབས་ཚེ། སྐྱོད་སའི་གནས་དང་། མཐོང་བའི་བྱ་བ། སྐད་ཆ་དྲི་ཡུལ་གྱི་མི་བཅས་ཀྱི་གནས་ཚུལ་ངོ་མ་ཤེས་རྟོགས་ཐུབ་པ་དང་གཞི་ནས་གནས་ཚུལ་ཤེས་རྟོགས་དང་གནས་ཚུལ་དངོས་མཐིལ་རྟོགས་བྱེད་ཐུབ། འགོ་ཁྲིད་ལས་བྱེད་པས་གཞི་རིམ་དུ་བརྟག་ཞིབ་བྱེད་སྐབས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོངས་དགོས་པ་མ་ཟད། ཕྱི་ཚུལ་ཙམ་དང་། ལྟ་སྐོར་ཙམ། བཟོ་ལྟ་ཙམ་བཅས་ཀྱི་བརྟག་ཞིབ་རྣམ་པ་མཐའ་གཅིག་ཏུ་འགོག་དགོས། “མི་བྱེད་པ་བཞི་དང་ཐད་ཀར་གཉིས”དང་། “གཞི་རིམ་དུ་སྐྱོད་པ” “གདན་འདྲེན་ཞུ་བ”སོགས་ཀྱི་བྱེད་ཐབས་སྤྱད་དེ་སྟབས་བསྟུན་བརྟག་ཞིབ་མང་ཙམ་བྱེད་པ་དང་། སྔོན་ལ་བརྡ་མི་གཏོང་བ། གང་དུ་སྐྱོད་མིན་སྔོན་ལ་མི་ཤོད་པ། རླངས་འཁོར་ནང་སྐྱོད་ཚད་ཉུང་དུ་གཏོང་རྒྱུ་མཐའ་འཁྱོངས། རིམ་པས་བསྐྱོད་རོགས་མི་བྱེད་པ། བརྟག་ཞིབ་ལས་དོན་ཕུང་གསོག་མི་རྒྱག་པ། གཞི་རིམ་གྱི་ཁུར་པོ་ལྕི་རུ་མི་གཏོང་བ། ལས་འགན་འཁུར་བཞིན་གཞི་རིམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས། བརྩེ་སེམས་བཅངས་བཞིན་གཞི་རིམ་དུ་བསྐྱོད་པ། ཇུས་བཟང་འཁྱེར་ཐུབ་པ་བཅས་བྱས་ཏེ། དངོས་འབྲེལ་གཞི་རིམ་དང་མང་ཚོགས་ཁྲོད་བསྐྱོད་ནས་གནས་ཚུལ་དངོས་ལ་རྟོག་ཞིབ་དང་། བྱེད་ཐབས་དངོས་འདོན་པ། ཕན་འབྲས་དངོས་དོན་གཉེར་བཅས་བྱེད་དགོས།

    བརྟག་དཔྱད་ཞིབ་འཇུག་ལས་དོན་ཡག་པོ་སྒྲུབ་པར། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་མིས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་ལ་དམ་འཛིན་བཅས་བྱས་ཏེ་ཚང་མ་ནི་ཀྲུང་གོའི་གནད་དོན་དངོས་ཐག་གཅོད་བྱ་ཆེད་རེད། བརྟག་དཔྱད་ཞིབ་འཇུག་དེ་གནད་དོན་ལ་ཕྱོགས་ནས་སྤེལ་དགོས། ཕྱོགས་གང་ཞིག་གི་གནད་དོན་མངོན་གསལ་དོད་ན། ཕྱོགས་དེར་དམིགས་པ་དང་ལྷུ་ཚིགས་གང་དུ་གནད་དོན་ཐོན་ན། ལྷུ་ཚིགས་དེར་གཙོ་གནད་ཐོག་བརྟག་ཞིབ་བྱེད་དགོས། ལྷག་པར་དུ་དཀའ་ངལ་མང་ཤོས་དང་། གནས་ཚུལ་རྙོག་འཛིང་ཆེ་ཤོས། འགལ་ཟླ་རྣོ་ངར་ཆེ་ཤོས་བཅས་ཀྱི་གནས་སུ་བསྐྱོད་པ་དང་། ལས་དོན་ཁག་བགོས་དོ་དམ་ཚན་པ་དང་སྡེ་ཚན། གྲོང་སྡོད་བྱ་ཡུལ། ཆ་སྒྲིག་དུད་ཚང་བཅས་སུ་བསྐྱོད་དེ་རང་འགུལ་ངང་མང་ཚོགས་དང་འབྲེལ་འདྲིས་དང་། མང་ཚོགས་དང་གླེང་མོ་བྱེད་པ། མང་ཚོགས་ཀྱི་སྐད་ཆ་ཉན་པ་བཅས་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་ལ་ཕྱོགས་སྟོན་རང་བཞིན་དེ་བས་ལྡན་པར་བྱས་ཐོག མང་ཚོགས་ཀྱི་དོགས་གནད་ཤེས་རྟོགས་དང་གཞི་རིམ་ལས་དོན་གྱི་དཀའ་གནད་བཙལ་འཚོལ་བྱས་ཏེ་མང་ཚོགས་ཀྱི་བསམ་འཆར་དངོས་འབྲེལ་བསྡུ་རུབ་དང་གནས་ཚུལ་གོང་ཞུ་བྱེད་དགོས་པ་མ་ཟད། མང་ཚོགས་དང་འབྲེལ་བ་བྱེད་པ་དང་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།

    བརྟག་དཔྱད་ཞིབ་འཇུག་གི་ལས་དོན་ཡག་པོ་བསྒྲུབས་ནས་དོན་དངོས་དང་འབྲེལ་བ་ལ་གཙིགས་ཆེན་བྱེད་དགོས། “རང་ཚུགས་ཐུབ་པ”བྱེད་དགོས་པ་མ་ཟད་དེ་བས“སེམས་གནས་ཐུབ་པ”བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བཞིན་སྒྲུབ་བཞིན་པའི་བྱ་བར་དམིགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ལ་དམིགས་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ། དབུལ་སྒྲོལ་འགག་སྒྲོལ་དང་། བརྟན་ལྷིང་སྲུང་སྐྱོང་། སྣོད་བཅུད་སྲུང་སྐྱོང་། དམངས་འཚོ་ལེགས་གཏོང་སོགས་ཀྱི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་པ། ལས་དོན་དོན་འཁྱོལ་དམ་འཛིན་ནན་པོ། གནད་དོན་ཤེས་རྟོགས་དང་དཀའ་གནད་བཙལ་འཚོལ་མཁས་པོ་བྱེད་པ། ལེགས་ཆ་འདོན་སྤེལ་དང་། དཀའ་གནད་སེལ་བ། ཞན་ཆ་གསབ་པ། ཉེན་ཁ་སྔོན་འགོག་ཚོད་འཛིན་བཅས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམངས་འཚོ་ལེགས་གཏོང་། བརྟན་ལྷིང་སྲུང་སྐྱོང་། སྣོད་བཅུད་སྲུང་སྐྱོང་། རྨང་གཞི་བརྟན་གཏོང་བཅས་ཀྱི་གསར་གཏོད་ཀྱི་བསམ་ཕྱོགས་དང་། སྤྱོད་གོ་ཆོད་པའི་བྱེད་ཐབས་འདོན་པ་བཅས་བྱས་ནས། བརྟག་ཞིབ་ཀྱི་གྲུབ་འབྲས་དེ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ལས་ཀའི་གྲུབ་འབྲས་དང་། ལམ་ལུགས་ཀྱི་གྲུབ་འབྲས། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་བཅས་ལ་འགྱུར་བ་བྱས་ནས། གསར་གཏོད་ཀྱི་བྱེད་ཐབས་གསར་པ་དང་ཕན་འབྲས་གསར་པར་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།