[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཆབ་སྲིད་ཀྱི་སྐོར་གཟིགས་ཟབ་ཏུ་གཏོང་བ་དང་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་སྤུས་ཚད་མཐོ་པོའི་ངང་གོང་འཕེལ་ཡོང་བར་སྐུལ་མ་གཏོང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2019-10-16

    སྐོར་གཟིགས་ནི་ཏང་གི་སྒྲིག་ཡིག་གིས་དཀྲིས་པའི་འགན་འཁྲི་གལ་ཆེན་ཞིག་ཡིན་ལ་ཏང་ནང་ཁུལ་དུ་ལྟ་སྐུལ་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་ཀྱི་བཀོད་སྒྲིག་ཞིག་ཀྱང་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐོར་གཟིགས་ལས་དོན་ལ་མཐོང་ཆེན་གནང་བ་དང་། སྐོར་གཟིགས་ལས་དོན་གྱི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་སྐུལ་མ་གཏིང་ཟབ་གཏོང་བ། སྐོར་གཟིགས་ལམ་ལུགས་ལ་གསོན་ཤུགས་གསར་པ་ཟམ་མི་ཆད་པར་སྣོན་པ་བཅས་ཀྱི་ཐོག་ནས་ཏང་རང་ངོས་གཙང་སེལ་གྱི་ཐབས་ལམ་ནུས་ལྡན་ཞིག་འཚོལ་ཞིབ་ཐུབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་མཐོ་ཚད་ཐོག་ནས་སྐོར་གཟིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་ཐད་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་མ་ཟད། མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའང་གནང་སྟེ་སྐོར་གཟིགས་ལས་དོན་གྱི་ངེས་གནས་གཏན་འཁེལ་དང་། སྐོར་གཟིགས་ལས་དོན་གྱི་བྱེད་ཕྱོགས་གཏན་འཁེལ། སྐོར་གཟིགས་ཀྱི་དམིགས་ཚད་ལས་འགན་དང་ལས་ཀའི་གཙོ་གནད་གསལ་བཟོ་བཅས་ཀྱི་ཐོག་ནས་དུས་རབས་གསར་པར་སྐོར་གཟིགས་ལས་དོན་སྤུས་ཚད་མཐོ་པོའི་ངང་གོང་འཕེལ་ཡོང་བར་བསམ་བློའི་དྲག་ཆས་དང་གཞི་རྩའི་བསྲུང་བྱ་མཁོ་འདོན་བྱས་ཡོད་པ་རེད།

    སྐབས་དགུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“འདུ་ཤེས་བཞི”ཟབ་ཏུ་བཏང་ནས་སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་ལག་བསྟར་བྱས་ཏེ། སྐོར་གཟིགས་འདི་ཉིད་ཐོག་མཐའ་བར་གསུམ་དུ་གནས་བབ་མངོན་གསལ་དོད་པོར་བཞག་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཡོད། ཧྲུའུ་ཅི་ཝུའུ་དབྱིང་ཅེས་སྣེ་ཁྲིད་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་བྱེད་པོའི་འགན་འཁྲི་འཁུར་ཏེ་སྐོར་གཟིགས་ལས་དོན་ལ་རང་ཉིད་ངོ་མས་འཆར་གཞི་བཀོད་ནས་བཀོད་སྒྲིག་དང་སྒྲིག་འཛུགས་སྐུལ་འདེད་གནང་བས་སྐོར་གཟིགས་ཀྱི་རལ་གྲིའི་ནུས་པ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཀྱི་ཕྱོགས་སུ་གོང་འཕེལ་དང་གཞི་རིམ་དུ་རྒྱ་སྐྱེད་ཡོང་བར་སྐུལ་འདེད་ནུས་ལྡན་ཐུབ་ཡོད།

    རང་སྐྱོང་ལྗོངས་ཀྱི་རིམ་པ་དང་པོའི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ནི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་མཁན་སྣེ་ཁྲིད་ལས་ཁུངས་ཡིན་ལ། ལྗོངས་ཡོངས་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་སྲུང་སྐྱོང་གི་འགག་རྩ་དེའང་རེད། སྐབས་དགུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རེས་སྐོར་དྲུག་པའི་སྐོར་གཟིགས་ཀྱིས་ལྗོངས་ཐད་གཏོགས་ཚན་པ་24ཡི་ཏང་རྩ་འཛུགས་ལ་གཅིག་སྡུད་ཐོག་ཆབ་སྲིད་ཀྱི་ཚོད་བགམ་བྱས་པ་དེ་ཐོག་ནས་ཀྲུང་དབྱང་སྐོར་གཟིགས་ཀྱི་ཚད་གཞི་དང་ཡང་ཡང་བསྡུར་བ་དང་། སྐོར་གཟིགས་ཀྱི་གོང་འོག་མཉམ་འགུལ་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་རང་རྟོགས་དང་ཆབ་སྲིད་ཀྱི་བསམ་གཞིག་གང་ལེགས་མངོན་པ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྕགས་རྡུང་བར་ཐོ་བ་མཁྲེགས་པོ་དགོས་པ་དང་། རིམ་པ་དེ་ག་ནས་དམ་འཛིན་དང་དོ་དམ་ནན་པོ་བྱེད་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་སྣེ་ཁྲིད་དེ་རང་ངོས་གསར་བརྗེ་བྱེད་པའི་ཆབ་སྲིད་ཀྱི་བློ་སྟོབས་མཐའ་འཁྱོངས་བྱེད་པའང་གང་ལེགས་མངོན་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་སྐོར་གཟིགས་ཚོགས་ཆུང་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མངགས་པ་ཞིག་ཡིན་ཞིང་། དེས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགན་འཁྲི་དང་མངགས་བཅོལ་ཟབ་མོ་ཕྲག་ཐོག་ཏུ་འཁུར་ཡོད་པར་བརྟེན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་ཆབ་སྲིད་ཀྱི་སྐོར་གཟིགས་གཏིང་ཟབ་བྱ་རྒྱུའི་ཞིབ་ཕྲའི་ལས་དོན་དང་ཟུང་འབྲེལ་དང་། སྐོར་གཟིགས་བྱ་ཡུལ་ཚན་པའི་ཆབ་སྲིད་ཀྱི་ངོ་བོ་དང་། ཆབ་སྲིད་ཀྱི་ཁོར་ཡུག འགན་ནུས་དང་འགན་འཁྲི། ལས་རིགས་ཀྱི་ཁྱད་ཆོས། ལོ་རྒྱུས་འཕེལ་རིམ་བཅས་དང་ཟུང་འབྲེལ་བྱས་ནས་ཆབ་སྲིད་སྐོར་གཟིགས་ཀྱི་ནང་དོན་དང་བླང་བྱ་འཕྱུགས་མེད་ངང་ཁོང་དུ་ཆུད་པ་དང་། “སྲུང་སྐྱོང་གཉིས”ལ་དམིགས་པ། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གལ་ཆེན་བཅས་ལག་བསྟར་དོན་འཁྱོལ་བྱ་ཚུལ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱ་ཚུལ། དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་དོན་འཁྱོལ་བྱ་ཚུལ། རིགས་ཁག་གི་ལྟ་སྐུལ་ལས་གནད་དོན་ཤེས་རྟོགས་དང་བརྗོད་དོན་གཙོ་བོའི་སློབ་གསོ་དག་ཐེར་དོན་འཁྱོལ་བྱ་ཚུལ་བཅས་ལ་དམ་པོར་དམིགས་ཏེ། ཆབ་སྲིད་ཀྱི་ཧེ་བག་བཙལ་འཚོལ་གཏིང་ཟབ་བྱེད་པ་དང་། ལྗོངས་ཐད་གཏོགས་ཚན་པར“འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་ལྟ་སྐུལ་བྱེད་དགོས། སྐོར་གཟིགས་འདི་ཉིད“རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ”བཅས་ཀྱི་གཞི་གཅིག་སྐུལ་གཏོང་གི་ལས་ཀའི་གནས་བབ་དང་མཉམ་འདྲེས་ཐུབ་པར་བྱེད་པ་དང་། འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར་དམིགས་པ། ཆབ་སྲིད་དང་ལས་སྒོའི་འབྲེལ་བ་སྟངས་འཛིན་ཡང་དག་བྱེད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱེད་པ། གཏན་འབེབས་དང་སྒྲིག་ཁྲིམས་བཅའ་ཁྲིམས་བཞིན་ལས་དོན་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ། སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ལ་བརྟེན་པ་དང་ལས་བྱེད་པ་མང་ཚོགས་ལ་བརྟེན་པ་བཅས་བྱས་ནས་ཏང་འཛུགས་སྐྱོང་དང་ཏང་གི་བྱ་གཞག་ཁྲོད་སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ལ་གནས་པའི་གནད་དོན་བཙལ་འཚོལ་ཡང་དག་བྱེད་དགོས། སྐོར་གཟིགས་ལྟ་ཞིབ་ཀྱི་སྤུས་ཚད་གོང་མཐོར་བཏང་ནས“ངེས་པར་དུ་དྲུག”གི་སྐོར་གཟིགས་ལས་དོན་གྱི་ཉམས་མྱོང་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་སྐོར་གཟིགས་བྱེད་སྟངས་ལེགས་སུ་གཏོང་བ་དང་། སྐོར་གཟིགས་ཀྱི་སྒྲིག་ཁྲིམས་ནན་སྲུང་། སྐོར་གཟིགས་ཀྱི་དབང་གྲགས་རང་བཞིན་དང་སྒམ་ནན་རང་བཞིན་སྲུང་སྐྱོང་བཅས་བྱེད་དགོས།

    སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་བསམ་བློ་དང་བྱ་སྤྱོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རེས་སྐོར་དྲུག་པའི་སྐོར་གཟིགས་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་དང་སྐོར་གཟིགས་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱས་ཏེ། ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པ་དེ་ཞབས་ཞུ་འགན་ལེན་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་ཚོགས་ཆུང་གི་ལས་ཀར་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པའི་ཁྲོད་མངོན་པར་བྱས་ནས། སྐོར་གཟིགས་ཚོགས་ཆུང་གིས་དཔྱད་གཞི་འདོན་དགོས་པའི་རེ་བ་བཏོན་རིགས་ཕྱོགས་ཡོངས་ནས་གནད་འཁེལ་དང་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་དུས་ཐོག་ཏུ་མཁོ་འདོན་བྱེད་པ་དང་། སྐོར་གཟིགས་ཚོགས་ཆུང་གིས་ཤེས་འདོད་པའི་གནས་ཚུལ་སྦ་གསང་མི་བྱེད་པ་དང་མི་གཡོལ་བར་ཇི་མ་ཇི་བཞིན་ཤོད་པ། སྐོར་གཟིགས་ཚོགས་ཆུང་གི་ཚུར་ལན་གནད་དོན་ལ་ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བ་དང་འཕྲལ་སྒྲུབ་འཕྲལ་བཅོས་བཅས་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རེས་སྐོར་དྲུག་པའི་སྐོར་གཟིགས་ལ་བདེ་བླག་ངང་སྐུལ་གཏོང་དང་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱེད་དགོས།

    དུས་རབས་གསར་པར་འགན་འཁྲི་གསར་པ་དཀྲིས་པས། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུར་ཁྲིད་སྟོན་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གཞི་རྩའི་ཆབ་སྲིད་ཀྱི་འགན་འཁྲིར་བརྩིས་ནས་སྐོར་གཟིགས་ལས་དོན་གྱི་སྲོལ་ཡིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། སྐོར་གཟིགས་སྐོར་ཞིབ་ལས་དོན་ལ་འགོ་ཁྲིད་ཀྱི་མཛུབ་ཁྲིད་དང་། རྒྱབ་སྐྱོར་གཞོགས་འདེགས། ཞབས་ཞུ་འགན་ལེན་བཅས་ལ་ཤུགས་སྣོན་རྒྱག་པ། སྐོར་གཟིགས་སྐོར་ཞིབ་ཀྱི་རྩ་ལག་མཉམ་བཅོས་ཀྱི་འཐབ་ཇུས་ནུས་པ་འདོན་རྒྱུར་ཤུགས་སྣོན་རྒྱག་པ་བཅས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་སྔར་བས་ཆེ་བ་ནུས་ཤུགས་ཡོད་རྒུས་གཏོད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།