[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལོ་རྒྱུས་ཀྱི་ཕྱོགས་མཚམས་སྟངས་འཛིན་ནན་པོ་བྱེད་དགོས།

    —— ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་མ་ཏན་ཏིག་གཏོང་རྒྱུའི་སྐོར་གྱི་གླེང་ཐེངས་དང་པོ།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2019-09-07

    རྒྱལ་ཁབ་ཅིག་དང་མི་རིགས་ཤིག་དར་རྒྱས་ཡོང་བ་བྱེད་པར་ངེས་པར་དུ་ལོ་རྒྱུས་མདུན་སྐྱོད་ཀྱི་གཏན་ཚིགས་ཁྲོད་མདུན་སྐྱོད་དང་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་འཕེལ་རྒྱས་ཡོང་བ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཡུན་རིང་གི་འབད་བརྩོན་བརྒྱུད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འདི་ཉིད་དུས་རབས་གསར་པར་སླེབས་པ་དེ་ནི་རང་རྒྱལ་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་ཕྱོགས་མཚམས་གསར་པ་ཞིག་རེད”ཅེས་གསུངས་མྱོང་ཡོད། ཆབ་སྲིད་ཀྱི་ཆོད་གཏམ་གལ་ཆེན་གནང་བ་དེས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལས་བྱུང་བའི་གཏན་ཚིགས་ཀྱི་འགོ་འཛུགས་ས་དང་སྒྲུབ་བྱེད་ཀྱི་གཞི་འཛིན་ས་གྲུབ་པ་མ་ཟད། ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་དང་། རིགས་པའི་གཞུང་ལུགས་ཀྱི་བསྲུང་བྱ། དམིགས་ཚད་ཀྱི་ལས་འགན་བཅས་དུས་རབས་ཀྱི་ནང་དོན་གསར་པ་གྲུབ་པ་དེས་ང་ཚོར་ཚན་རིག་དང་མཐུན་པའི་ངང་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་གཏན་འཁེལ་བྱ་རྒྱུར་དུས་རབས་ཀྱི་གནས་ཚད་དང་གཞི་རྩའི་གཞི་འཛིན་ས་བྱུང་ཡོད་པ་རེད། 

    ང་ཚོས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་སྒྲུབ་བྱེད་ཀྱི་གཞི་འཛིན་ས་ཁོང་དུ་ནན་པོ་ཆུད་པར་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ཆབས་ཅིག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འདི་ཉིད་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་དང་། ལག་ལེན་གསར་གཏོད་ཀྱི་རྨང་གཞིའི་ཐོག་རང་རེའི་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཐད་འཕུར་མཆོང་གསར་པ་བྱུང་བ། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དེ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བ་དེ་ཡིན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྨང་གཞིའི་ཐོག་དུས་བསྟུན་འཕེལ་རྒྱས་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་བསྐྱོད་པ། རང་རྒྱལ་གྱི་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དེ་ནི་རྒྱལ་སྤྱིའི་སྒྲིག་ལམ་ནང་ཧུར་ཐག་ཞུགས་མཁན་དང་། འཛུགས་སྐྲུན་པ། སྣེ་ཁྲིད་པ་བཅས་ཡིན་པ་དེ་དག་ལས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་གང་ལེགས་མཚོན་ཡོད་པ་རེད། 

    ང་ཚོས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་དོན་སྙིང་གལ་ཆེན་ཁོང་དུ་ནན་པོ་ཆུད་པར་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཚང་མར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་རྒྱང་རིང་གཏིང་ཟབ་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཡོད་པ་རེད། དོན་སྙིང་གལ་ཆེན་ལ་ངེས་པར་དུ་ངོས་འཛིན་བྱེད་པ་དང་དུས་རབས་འདིར་ཉེ་རབས་ཚུན་གྱི་ཡུན་རིང་དཀའ་སྡུག་བརྒྱུད་པའི་ཀྲུང་ཧྭ་མི་རིགས་འདི་ཉིད་ཡར་ལངས་པ་དང་། ཕྱུག་པོ་ཆགས་པ། སྟོབས་ཆེན་ཆགས་པ་བཅས་བར་གྱི་རླབས་ཆེན་གྱི་འཕོ་འགྱུར་བྱུང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་བྱུང་བ་མཚོན་པ་དང་། ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་འདི་ཉིད་དུས་རབས་ཉེར་གཅིག་པར་ཀྲུང་གོར་གསོན་ཤུགས་ཧ་ཅང་ཆེན་པོ་རྒྱས་པ་དང་འཛམ་གླིང་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་མཚོན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ཟམ་མི་ཆད་པར་འཕེལ་རྒྱས་བྱུང་བ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པའི་ཐབས་ལམ་རྒྱ་སྐྱེད་བྱུང་བ་མཚོན་པ་བཅས་ལས་འཛམ་གླིང་ཐོག་འཕེལ་རྒྱས་མགྱོགས་པོ་ཡོང་རེ་བྱེད་པ་དང་རང་ངོས་ཀྱི་རང་ཚུགས་རང་བཞིན་རྒྱུན་འཁྱོངས་ཐུབ་རེ་བྱེད་མཁན་གྱི་རྒྱལ་ཁབ་དང་མི་རིགས་ལ་གདམ་ག་གསར་རྐྱང་ཞིག་བྱུང་ཡོད་པ་དེས་མིའི་རིགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་སྐྱེས་སུ་ཕུལ་ཡོད་པ་རེད། 

    ང་ཚོས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་ནང་དོན་ཕུན་སུམ་ཚོགས་པོ་ཁོང་དུ་ནན་པོ་ཆུད་པར་བྱེད་དགོས། གཞི་རྩའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་དུས་རབས་གསར་པ་འདི་ཉིད་སྔ་མཐུད་ཕྱི་སྐྱོང་དང་། སྔ་འཛིན་ཕྱི་གཏོད། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་རླབས་ཆེན་རྒྱལ་ཁ་མུ་མཐུད་ལེན་པའི་དུས་རབས་ཤིག་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་བསྐྲུན་པའི་དུས་རབས་ཤིག རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་འབད་འཐབ་དང་། མཛེས་སྡུག་ལྡན་པའི་འཚོ་བ་ཟམ་མི་ཆད་པར་གཏོད་པ། མི་དམངས་ཡོངས་རིམ་བཞིན་མཉམ་དུ་ཕྱུག་པོ་ཆགས་པའི་དུས་རབས་ཤིག ཀྲུང་ཧྭའི་བུ་ཕྲུག་ཡོངས་སེམས་མཐུན་སྟོབས་སྒྲིལ་ངང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་དུས་རབས་ཤིག རང་རྒྱལ་འདི་ཉིད་འཛམ་གླིང་གར་སྟེགས་ཀྱི་དབུས་སུ་བསྐྱོད་རྒྱུ་རིམ་བཞིན་ཐག་ཉེ་རུ་འགྲོ་བ་དང་མིའི་རིགས་ལ་ལེགས་སྐྱེས་སྔར་བས་ཆེ་བ་ཟམ་མི་ཆད་པར་འབུལ་བའི་དུས་རབས་ཤིག་བཅས་ཡིན་པ་ཁོང་དུ་ནན་པོ་ཆུད་པར་བྱེད་དགོས། 

    ང་ཚོས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་ཁོང་དུ་ནན་པོ་ཆུད་པར་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དེ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བ་དེ་ཡིན། འགལ་ཟླ་གཙོ་བོ་དེར་དམ་འཛིན་ནན་པོ་བྱེད་པ་དང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་འགྲོ་བའི་ཕྱི་རོལ་གྱི་དོན་དངོས་ཁོང་དུ་ནན་པོ་ཆུད་པར་བྱས་ནས། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་གིས་ང་ཚོས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་འདི་ཉིད་གནས་སའི་ལོ་རྒྱུས་ཀྱི་དུས་མཚམས་ཀྱི་བརྡར་གཅོད་ལ་འགྱུར་ལྡོག་བྱུང་མེད་པ། སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་བྱུང་བ་དེས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་བཏོན་པའི་བླང་བྱ་གསར་པར་དམ་པོར་དམིགས་པ་བཅས་ཀྱི་སྒོ་ནས་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྣོད་བཅུད་སོགས་ཐད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་སྔར་བས་ལེགས་པའི་སྒོ་ནས་སྐོང་དགོས། 

    དུས་རབས་གསར་པས་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་གནས་བབ་གསར་པ་གསལ་བར་བྱེད་པ་དང་དུས་མཚུངས། དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་པར་བླང་བྱ་གསར་པ་བཏོན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལོ་རྒྱུས་ཀྱི་ཕྱོགས་མཚམས་ལ་ངེས་པར་དུ་སྟངས་འཛིན་ནན་པོ་བྱེད་པ་དང་། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། དུས་རབས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པ། དུས་རབས་ཀྱི་འགངས་ཆེའི་གནད་དོན་ལ་ཐད་ཀར་ཕྱོགས་པ། དུས་རབས་གསར་པའི་བླང་བྱ་གསར་པ་དང་འཚམ་པར་བྱེད་པ་བཅས་ལ་བརྟེན་ནས་དུས་རབས་རང་བཞིན་མངོན་པ་དང་། ཆོས་ཉིད་རང་བཞིན་སྟངས་འཛིན་བྱེད་པ། གསར་གཏོད་རང་བཞིན་ལྡན་པ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་དོན་ཆེན་གསུམ་ཡག་པོ་སྒྲུབ་སྟེ་གངས་ལྗོངས་ས་མཐོར་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ལོ་རྒྱུས་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།