[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བཟའ་བཅའི་བདེ་འཇགས་གནད་དོན་ཐག་གཅོད་བྱེད་པར་དུས་ཚོད་སྐར་ཆ་ཙམ་ཡང་ནར་འགྱངས་བྱེད་མི་རུང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ དབྱངས་ཅན་གྱིས།    |    སྤེལ་དུས།   2019-08-09

    མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བ་དང་འཛད་སྤྱོད་ཀྱི་དགོས་མཁོ་ཆེ་རུ་འགྲོ་བའི་དེང་གི་དུས་སུ“སྤུས་ལེགས་ཟ་མ་བཟའ་རྒྱུ”ནི་ཚང་མའི་རྒྱ་ཁྱབ་ཀྱི་དགོས་མཁོ་ཞིག་རེད། བདེ་འཇགས་དང་བློ་བདེའི་ཟ་མ་བཟའ་རྒྱུ་ནི“ཟ་མ་ཡག་པོ་བཟའ་བའི”ཆེས་གཞི་རྩའི་ཆ་རྐྱེན་ཞིག་རེད། རྒྱུན་དུ་དམར་འདོན་བྱེད་པའི་བཟའ་བཅའི་བདེ་འཇགས་གནད་དོན་ལ་སྤྱི་ཚོགས་ཡོངས་ལ་བསམ་འཆར་དྲག་པོ་བྱུང་ནས་བཟའ་བཅའི་བདེ་འཇགས་གནད་དོན་འདི་ཉིད། མིག་སྔའི་སྤྱི་ཚོགས་ཀྱི་གླེང་མང་བའི་གནད་དོན་དང་མདོ་གནད་དུ་གྱུར་ཡོད། བརྗོད་ཀྱིས་མི་ལངས་པའི་བཟའ་བཅའི་བདེ་འཇགས་ཀྱི་མངོན་གསལ་དོད་པའི་གནད་དོན་ད་དུང་ཐག་གཅོད་ཐུབ་མེད་པ་དང་དུས་བབ་སྔར་བཞིན་ཛ་དྲག་ལ་བཅོས་སྒྲིག་གི་ལས་འགན་ཁ་ཚ་དགོས་གཏུག་ཆེ་བས་བཟའ་བཅའི་བདེ་འཇགས་ནུས་ལྡན་ངང་མཐོ་རུ་གཏོང་རྒྱུ་དེ་དུས་ཚོད་སྐར་ཆ་ཙམ་ཡང་ནར་འགྱངས་བྱེད་མི་རུང་བ་ཞིག་རེད།

    སྨྱུག་འཛིན་པས་ངོས་འཛིན་བྱས་དོན། བཟའ་བཅའི་བདེ་འཇགས་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པར། ཐོག་མར་འབྲེལ་ཡོད་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་འཁུར་ནས་བཟའ་བཅའི་སྤུས་ཚད་ཀྱི་བདེ་འཇགས་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། བཟའ་བཅའ་ཁྲོམ་རར་འདོན་པའི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། བཟའ་བཅའ་ཁྲོམ་རར་འདོན་པའི་ཚད་གཞི་མཐོ་རུ་གཏོང་བ་བཅས་བྱས་ནས“མེད་པ་གསུམ”གྱི་བཟའ་བཅའ་ཁྲོམ་རར་འདོན་རྒྱུ་ནན་འགོག་བྱེད་དགོས་པ་དང་། གཉིས་ནས་བཟའ་བཅའ་ཐོན་སྐྱེད་བྱེད་མཁན་གྱི་ཐོན་སྐྱེད་དང་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་བཟོས་ཏེ་ལག་ཁྱེར་མེད་པར་ཐོན་སྐྱེད་བྱེད་པ་དང་ལག་ཁྱེར་མེད་པར་བཟའ་བཅའ་ལས་སྣོན་བྱེད་པའི་སྒྲིག་འགལ་གྱི་བཟོ་གྲྭ་དང་ཚོང་ཁང་མཐའ་གཅིག་ཏུ་བཀག་སྡོམ་བྱེད་པ་དང་། ཚད་མ་ལོན་པའི་བཟའ་བཅའ་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་མཁན་གྱི་ཁྲིམས་འགལ་གྱི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ། བཟའ་བཅའ་ཉོ་སྒྲུབ་ཐབས་ལམ་ཚད་ལྡན་བཟོས་ཏེ་འབྱུང་རྩ་ནས་བདེ་འཇགས་མེད་པ་དང་ཚད་མ་ལོན་པའི་བཟའ་བཅའ་ཁྲོམ་རར་འདོན་རྒྱུ་ཚོད་འཛིན་བྱེད་དགོས། ཇི་ལྟར་བྱས་ནས་འཐུས་སྒོ་ཚང་བའི་བཟའ་བཅའི་བདེ་འཇགས་ཀྱི་ཚད་གཞིའི་མ་ལག་འཛུགས་དགོས་སམ། སྨྱུག་འཛིན་པས་ངོས་འཛིན་བྱས་དོན། དར་རྒྱས་ཆེ་བའི་ས་ཁུལ་གྱི་སྔོན་ཐོན་ཉམས་མྱོང་ཁག་གཅིག་དཔྱད་གཞིར་འཛིན་ཏེ་བཟའ་བཅའི་བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་དང་ལམ་ལུགས་སྔར་བས་ཞིབ་ཕྲ་བཟོ་བ་དང་ཚད་ལྡན་དུ་བཏང་ནས་ལག་ལེན་དུ་འཁྱོལ་ཐུབ་པའི་བཟའ་བཅའི་བདེ་འཇགས་ཀྱི་ཚད་གཞི་བཟོས་ནས་འདོན་དགོས། དེ་དང་ཆབས་ཅིག་བཟའ་བཅའི་བདེ་འཇགས་ཀྱི་ཚད་གཞི་མཐོ་རུ་བཏང་སྟེ་བཟའ་བཅའི་བདེ་འཇགས་ཀྱི་ཚད་གཞི་དེ་རྒྱལ་སྤྱིའི་ཚད་གཞི་དང་སྦྲེལ་མཐུད་ཐུབ་པར་བྱས་ནས། བཟའ་བཅའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་དགོས། བཟའ་བཅའི་བདེ་འཇགས་ཐད་ཀྱི་དྲིལ་བསྒྲགས་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་ནས་འཛད་སྤྱོད་པས་བཟའ་བཅའི་བདེ་འཇགས་ཀྱི་རྒྱུན་ཤེས་དང་བདེ་ཐང་གི་བཟའ་འཐུང་ཤེས་བྱ་དེ་བས་མང་བ་ཤེས་རྟོགས་ཐུབ་པ་བྱས་ནས་འཛད་སྤྱོད་པའི་བཟའ་བཅའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་གནད་དོན་ཡོད་པའི་བཟའ་བཅའ་དབྱེ་འབྱེད་བྱེད་པའི་ནུས་པ་མཐོ་རུ་བཏང་ནས་གནད་དོན་ཡོད་པའི་བཟའ་བཅའ་རང་རྟོགས་ངང་བཀག་འགོག་ཐུབ་པར་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།