[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ ཚེ་རིང་ཕན་ཐོགས།    |    སྤེལ་དུས།   2019-06-12

    རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུའི་ཐད་སྨྱུག་འཛིན་པས་གཤམ་གསལ་གྱི་ཕྱོགས་ཁག་ནས་དམ་འཛིན་བྱེད་དགོས་པའི་ངོས་འཛིན་བྱས་དོན།

    བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ཏན་ཏིག་སྤེལ་དགོས་ཤིང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་བཀོད་སྒྲིག་བླང་བྱར་གཞིགས་ནས་ཞིང་འབྲོག་ཁུལ་དུ་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང“ཚད་གཞི་བཞིར་བརྩི་སྲུང”གི་སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀུན་སེམས་གཅིག་སྒྲིལ་ཀྲུང་གོའི་ཕུགས་འདུན་གཏོད”པའི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཞི་རྩའི་བྱེད་ཕྱོགས་དང་གཙོ་རྐང་དུ་བརྩི་བ་དང་། མཐུན་མཚམས་གནད་ལ་འཁེལ་པོས་འཚོལ་བ། ལས་སྟེགས་གསར་པ་གཏོད་པ་བཅས་བྱས་ཏེ་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་ཤུགས་ཆེ་རུ་བཏང་ནས“མོས་སེམས་ལྔ”ཆེ་རུ་གཏོང་དགོས།

    མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་གཏིང་ཟབ་དང་ཡུན་རིང་སྤེལ་དགོས་ཤིང་། བོད་ཀྱི་མི་རིགས་ཁག་གི་དུས་ཆེན་ལ་བརྟེན་ནས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་སྤེལ་བ་དང་ཕན་ཚུན་བསྒར་རྒྱན་ལྟ་བུའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་གཏོད་རྒྱུར་སྐུལ་འདེད་བཏང་སྟེ་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་ས་ཁུལ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ལ་མཛུབ་ཁྲིད་བྱས་ནས་མིང་བཏགས་པའི་དཔེ་སྟོན་གྲོང་ཁྱེར(ཚན་པ)གཏོད་པའི་ཆུ་ཚད་སྲ་བརྟན་དང་མཐོ་རུ་གཏོང་དགོས། “ཕན་ཚུན་ལྟ་ཞིབ་དང་ཞིབ་བཤེར”གྱི་བྱེད་སྒོ་སྤེལ་ནས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་གྱི་སྔོན་ཐོན་ཉམས་མྱོང་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་དགོས།

    མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསམ་བློའི་རྨང་གཞི་མུ་མཐུད་བརྟན་དུ་གཏོང་དགོས་ཤིང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་ཚུན་གྱི་རང་ལྗོངས་ཀྱི་མི་རིགས་ལས་དོན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་ཕྱོགས་སྡོམ་ཡག་པོ་དང་། འགྲེམས་སྟོན་ཡག་པོ། དྲིལ་བསྒྲགས་ཡག་པོ་བཅས་བྱེད་དགོས། སྔོན་ཐོན་གྱི་རིག་གནས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ལ་དུས་རབས་ཀྱི་ནང་དོན་གསར་པ་ཟམ་མི་ཆད་པར་སྣོན་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།