[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི་བོད་ཕུང་ཆོས་གནོད་ཀྱི་སྲིད་ཚོང་བ།

    ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོར་ངོས་འཛིན་གསལ་པོ་བྱེད་དགོས་པའི་སྐོར་གྱི་རིམ་སྤེལ་དཔྱད་གཏམ་ལྔ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2019-03-13

    འདི་ལོ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་ལོ་ཞིག་རེད། ལོ་60ཡི་རིང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། ལོ་60རིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ། ལོ་60རིང་གི་ལོ་རྒྱུས་ལམ་ཚད་ཀྱི་གཟི་བྱིན་ལོ་རྒྱུས་དེབ་ཐེར་ནང་ལྷམ་མེར་འཕྲོས་ཡོད། འོད་སྟོང་འབར་བའི་གྲུབ་འབྲས་ནི་ཀྲུང་དབྱང་གིས་ཐུགས་ཁུར་དང་རྒྱལ་ཡོངས་ཀྱིས་རྒྱབ་སྐྱོར་བྱས་པའི་འབྲས་བུ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བྱས་པའི་འབྲས་བུ་ཡིན་ལ། ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དང་། བོད་ཀྱི་སྤྱི་ཚོགས་ཀྱི་དམིགས་བསལ་འགལ་ཟླ་དམ་འཛིན་ལྷོད་མེད། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་བྱས་པའི་འབྲས་བུའང་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི་ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི་བོད་ཕུང་ཆོས་གནོད་ཀྱི་སྲིད་ཚོང་བ་ཡིན་པའི་ལོག་སྤྱོད་ཀྱི་ངོ་བོ་ངོས་འཛིན་གསལ་པོ་ཐུབ་ན་གཞི་ནས་རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་ཀྱི་འགག་རྩ་དམ་འཛིན་ཡག་པོ་བྱེད་ཐུབ་པ་དང་། གཞི་ནས་འཕེལ་རྒྱས་མྱུར་པོ་ཡོང་ཆེད་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱེད་ཐུབ།

    གང་འདྲ་ཞིག་ལ་སྲིད་ཚོང་བ་ཟེར་རམ་ཞེ་ན། སྲིད་ཚོང་བ་ནི་མི་སྒེར་ཁོ་ནའི་ཁེ་ཕན་ནམ་ཚོགས་པ་ག་གེ་མོ་ཞིག་ཁོ་ནའི་ཁེ་ཕན་གྱི་ཆེད་དུ་ལྐོག་གཡོ་དང་ངན་ཇུས་གཤོམ་མཁན་ལ་ཟེར། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་གྲལ་རིམ་གྱི་ལྷག་འཕྲོ་རོ་ལངས་རྒྱག་པའི་ཕྱོགས་གཏོགས་ཀྱི་སྒེར་ཕན་དོན་གཉེར་བྱེད་མཁན་ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི་བོད་ཕུང་ཆོས་གནོད་ཀྱི་སྲིད་ཚོང་བ་ཞིག་རེད།

    ང་ཚོས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་ཀྱི་ཕྱི་གོས་ཇི་ལྟར་གྱོན་པར་བལྟས་ཚེ། ཁོ་པས་རང་ཉིད་ནི“བྱམས་སྙིང་རྗེ་ཅན་གྱི་བླ་མ”ཞིག་ཡིན་ཞེས་བརྗོད་ཀྱང་ཁོ་པའི་གཏམ་སྤྱོད་ལས་ཁོ་པ་ནི་ཡིན་ལུགས་ཚུལ་ལྡན་གྱི་བླ་མ་ཞིག་མིན་པ་གསལ་བཤད་ཐུབ་ཀྱི་ཡོད། ཁོ་པར་བླ་མར་ཚང་དགོས་པའི་ངེས་འབྱུང་གི་སེམས་པ་མེད། བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་གྲལ་རིམ་གྱི་ཚབ་མཚོན་གཙོ་བོ་དང་ཞིང་བྲན་བདག་པོ་ཆེ་ཤོས་ཡིན་པའི་ངོས་ནས་ཁོ་པ་ནི་རུལ་སུངས་དང་། མུན་ནག རྗེས་ལུས་བཅས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་གྲལ་རིམ་གྱི་ལྷག་འཕྲོ་རོ་ལངས་རྒྱག་པའི་ཕྱོགས་གཏོགས་ཀྱི་འགོ་གཙོ་ཡིན་པ་དང་། ཁོ་པས་གཏན་ནས་མི་བརྗེད་པ་ནི་སྐབས་དེ་དུས་ལྡན་པའི་བླ་ན་མེད་པའི་ཆོས་ལུགས་ཀྱི་ལྷ་དབང་དང་འཇིག་རྟེན་པའི་སྲིད་དབང་དེ་རེད། ཁོ་པས་བོད་བརྒྱུད་ནང་བསྟན་གྱི“རྫུན་སྤོང་བའི”རྩ་བའི་སྡོམ་ཁྲིམས་ལས་རྒྱབ་འགལ་བྱས་ནས་རྫུན་གཏམ་བཤད་ཡོད། ཁོ་པས་ལོ་རྒྱུས་ཀྱི་དོན་དངོས་ལ་མི་བལྟོས་པར་མི་ཆོས་ལས་འདས་པའི་གདུག་རྩུབ་ཆེ་བའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དེ“ཆེས་བླ་ན་མེད་པ་དང་ཆེས་ཁྱད་དུ་འཕགས་པའི་ལམ་ལུགས”སུ་མཛེས་བཟོ་བྱས་ཡོད། ཁོ་པས་དཀར་ནག་ཕྱིན་ཅི་བསློགས་ཏེ་ཏང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛད་ཕྱོགས་སྲིད་ཇུས་ལ་ཚིག་མཚོན་བཏབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་ལོ་བཅུ་ཕྲག་ཁ་ཤས་ནང་བྱུང་བའི་འཕེལ་རྒྱས་དང་ཡར་རྒྱས་ཁས་ལེན་གྱི་མེད། ཁོ་པས་ཁུངས་མེད་ཧམ་བཤད་བྱས་ཏེ“བོད་ནི་སྔར་ནས་བཟུང་རང་བཙན་ཡིན་པ”གཟུགས་མེད་གྲིབ་བཟོ་དང་། བོད་ཀྱི“རིག་གནས་རྨེག་མེད”དང“ཆོས་ལུགས་རྩ་མེད”“འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད”སོགས་ཀྱི་རྫུན་གཏམ་བཟོས་ཡོད། ཁོ་པ་རང་ཉིད“རྒྱ་གར་གྱི་བུ་ཕྲུག”ཡིན་ཞེས་བཤད་ནས་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་མངོན་སུམ་འཛེམ་མེད་དུ་བཙོངས་པ་དང་ཀྲུང་གོའི་བོད་ལྗོངས་ཀྱི་ལྷོ་རྒྱུད་ས་ཁུལ“1914ལོའི་རྗེས་ནས་རྒྱ་གར་ལ་གཏོགས་ཡོད”ཅེས་རྫུན་གཏམ་བཤད་ཡོད། ཁོ་པས་ཏཱ་ལའི་བླ་མ་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་ཡང་དག་པའི་འགྲོ་ལམ་ཐོག་མ་བསྐྱོད་པར་ཆོས་ལུགས་འདི་ཉིད་མེས་རྒྱལ་ཁ་ཕྲལ་གཏོང་བའི་ལག་ཆར་བརྩིས་ཡོད། “སྤྲུལ་སྐུ་ཞིག་ཚོད་འཛིན་ཐུབ་ན་དགོན་སྡེ་ཞིག་ཚོད་འཛིན་ཐུབ་པ་དང་། དགོན་སྡེ་ཞིག་ཚོད་འཛིན་ཐུབ་ན་ས་ཁུལ་ཞིག་ཚོད་འཛིན་ཐུབ་པ་དང་གཉིས་སུ་མ་མཆིས”ཞེས་སྨྱོ་ཧམ་ཆེན་པོས་འུད་སྒྲོག་བྱེད་པ་དང་། ལོ་ལྟར་ཟླ་3ཚེས་10ཉིན་ཁོ་པས་གཏམ་བཤད་ཐེངས་གཅིག་སྤེལ་རྒྱུ་མི་བརྗེད་པར“བོད་རང་བཙན”བྱ་ཆེད་འུད་སྒྲོག་བྱེད་པ། ཡང་སྲིད་ཀྱི་གནད་དོན་ཐད་ཁོ་པས་སྐབས་རེ“སྦྲང་ནོར་བུའམ་ཡང་ན་སྐར་མའི་གོ་ལ་གཞན་དག་གི་མིར”ཡང་སྲིད་འབྱོན་རྒྱུ་ཡིན་ཞེས་ཤོད་པ་དང་ཡང་སྐབས་རེ“ཡང་སྲིད་མེད”ཅེས་བཤད་ནས་སྤྲུལ་སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཀྱི་ཀྲུང་དབྱང་སྲིད་གཞུང་གི་གཏན་འབེབས་བྱེད་དབང་ཆེ་ཤོས་ཁས་ལེན་མི་བྱེད་པའི་རེ་ངན་འཆང་གི་ཡོད།

    ཁོ་པས“ཆོས་སྤེལ”དང“ཆོས་ལུགས་ཀྱི་འགྲུལ་བཞུད”ལ་ཁ་གཡར་ནས་རྒྱལ་ཁབ་ཁག་གཅིག་ཏུ་འཁྱམས་མྱུལ་ཟམ་མི་ཆད་པར་བྱས་ཏེ“དབུ་མའི་ལམ”གྱི་ཆབ་སྲིད་ཀྱི་འདོད་ཚུལ་ཁུངས་ལུང་མེད་པར་བགྲངས་ནས“བོད་ཀྱི་གནད་དོན”ཟེར་བ་སྦིར་སྒྲོག་བྱེད་ཀྱི་ཡོད། བྱེད་སྤྱོད་དེ་དག་ཚང་མ་ལས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ལོ་རྒྱུས་ཡུན་རིང་ལྡན་ཞིང་སྡོམ་ཁྲིམས་ནན་པའི་བོད་བརྒྱུད་ནང་བསྟན་འདི་ཉིད་ཁོ་པའི་ཁ་ཕྲལ་རོ་ལངས་རྒྱག་པའི་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་མངོན་སུམ་འཛེམ་མེད་དུ་བརྩིས་པ་གསལ་བཤད་གང་ལེགས་ཐུབ་ཡོད།

    ང་ཚོས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་བོད་ལ་གནོད་འཚེ་ཇི་ལྟར་གཏོང་བར་བལྟས་ཚེ། ལོ་60ཡི་རིང་ཁོ་པས་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་མཚམས་འཇོག་གཏན་ནས་བྱེད་མྱོང་མེད། 1959ལོར་བོད་ཀྱི་ལོག་སྤྱོད་ཀྱི་མཐོ་རིམ་ཁ་ཕྲལ་ཕྱོགས་གཏོགས་ཀྱིས་ཁོ་པའི་རྣམ་འགྱུར་དང་རྒྱབ་སྐྱོར་འོག་ཕྱོགས་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་ཏེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནམ་ཡང་མི་འགྱུར་བ་དང་། བོད་ཀྱི་མི་དམངས་ནམ་ཡང་དཀའ་སྡུག་ཚད་མེད་མྱོང་བའི་དམྱལ་བར་ལྷུང་དུ་འཇུག་རྒྱུའི་རེ་ངན་བཅངས་པ་རེད། ཕྱི་རྒྱལ་དུ་བྲོས་བྱོལ་སོང་རྗེས་ཁོ་པས་ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་དང་ངན་པ་ལག་སྦྲེལ་གྱིས“ཆུ་བཞི་སྒང་དྲུག་བསྟན་སྲུང་དམག”སོགས་ངོ་ལོག་ཟིང་འཁྲུག་གི་དྲག་ཆས་བཙུགས་ནས་མེས་རྒྱལ་གྱི་མཐའ་མཚམས་སུ་དུས་ཡུན་ལོ་བཅུ་ཙམ་རིང་གི་དམག་དོན་གྱི་རྒོལ་དཀྲུག་བྱས་པ། དུས་རབས་གོང་མའི་ལོ་རབས་80པའི་དུས་མཇུག་ཏུ་ཁོ་པས་སྔ་རྗེས་སུ་ལྷ་སར་ཟིང་འཁྲུག་དོན་རྐྱེན་རབ་དང་རིམ་པ་ངན་སྐུལ་དང་ངན་ཇུས་བཤམས་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་པ། 2008ལོར་ཁོ་པས་ཐོས་པ་ཙམ་གྱིས་སྐྱི་གཡའ་བའི“3·14”རྡུང་གཅོག་འཕྲོག་སྲེག་གི་གཏུམ་སྤྱོད་ཉེས་གསོག་དོན་རྐྱེན་ཚབས་ཆེན་འཛེམ་མེད་ངང་བཟོས་པ་བཅས་ཀྱི་སྡིག་ཉེས་ནམ་མཁར་མི་ཤོང་བ་བསགས་ཡོད། ཁོ་པས་ཟིང་ཆ་སློང་རིམ་བཞིན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོག་རྐྱེན་ཚབས་ཆེན་བཟོ་གི་ཡོད། གལ་ཏེ་ཁོ་པས་འགལ་རྐྱེན་དང་གཏོར་བཤིག་བཏང་མེད་ན། ང་ཚོར་ཐོབ་པའི་གྲུབ་འབྲས་དེ་བས་རླབས་ཆེ་བ་དང་དེ་བས་འོད་སྟོང་འཕྲོ་བ་དང་མི་དམངས་ཀྱི་འཚོ་བ་དེ་བས་འབྱོར་ཕྱུག་དང་དེ་བས་བདེ་སྐྱིད་ལྡན་པ་ཡོང་ངེས་རེད། ཁོ་པས་ཐབས་བརྒྱ་ཇུས་སྟོང་ངང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་གཟུགས་བརྙན་སྐྱུག་བྲོ་རུ་བཏང་སྟེ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ཕྱི་རོལ་ཁོར་ཡུག་ལ་གཏོར་བཤིག་གཏོང་རྒྱུའི་རེ་ངན་འཆང་གི་ཡོད། ཁོ་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཀྱི་ད་ལྟའི་གནས་ཚུལ་རྒྱུས་མངའ་མེད་པར་གཞིགས་ནས“གུང་ཁྲན་ཏང་གིས་བོད་དུ་བོད་མི་ཁྲི་100དམར་གསོད་དང་། བོད་མི་ཁྲི་100བཙོན་འཇུག བོད་ལ་མི་ཁྲི་750གནས་སྤོ་རུ་བཅུག་པ”བཅས་དང“བོད་ལ་འགྲོ་བ་མིའི་ཐོབ་ཐང་མེད”“བོད་ལ་ཆོས་དད་རང་མོས་མེད”ཅེས་པའི་དཀྲོག་གཏམ་བཟོས་ཡོད། ཁོ་པས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཡར་ཐོན་བྱུང་བ་སྣང་མེད་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་ཚིག་མཚོན་འདེབས་པ་དང་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་སྲིད་ཇུས་དང་ཆོས་དད་རང་མོས་སྲིད་ཇུས་ལ་ཚིག་མཚོན་འདེབས་པ་མ་ཟད། དཀྲོག་གཏམ་བཟོས་ནས་དམའ་འབེབས་དང་མཐོང་ཐོས་རྙོག་བཟོའི་དོན་རྐྱེན་བཟོ་གང་ཐུབ་བྱེད་ཀྱི་ཡོད། ཁོ་པས་ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་ལོག་སྤྱོད་ཀྱི་བསམ་བློ་སིམ་འཛུལ་བྱས་ཏེ་ཁྲིམས་འགལ་གྱི་གསང་བའི་སྒྲིག་འཛུགས་བཙུགས་པ་དང་། ལོག་སྤྱོད་ཀྱི་བསམ་བློ་དྲིལ་བསྒྲགས་དང་སིམ་འཛུལ་བྱས་ཏེ་གཞོན་ནུ་ལོ་ཆུང་ལ་མངའ་ཁོངས་ཕྱིའི་ཁ་ཕྲལ་རིང་ལུགས་ཕྱོགས་གཏོགས་ཀྱིས་གཉེར་བའི་སློབ་གྲྭར་སློབ་སྦྱོང་བྱེད་པར་འགྲོ་རྒྱུའི་ངན་སྐུལ་བསླུ་བྲིད་གང་ཐུབ་བྱས་ཏེ་གནས་ཚུལ་ངོ་མ་མི་ཤེས་པའི་མང་ཚོགས་དང་གཞོན་ནུ་ལོ་ཆུང་ལོག་ལམ་དུ་འཁྲིད་རྒྱུའི་རེ་ངན་འཆང་གི་ཡོད། ཁོ་པས་རྐང་བཙུགས་ནས་མི་རིགས་ཀྱི་འབྲེལ་བར་དཀྲུགས་ཤིང་བརྒྱབ་སྟེ་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་རྒྱུའི་རེ་ངན་བཅངས་ནས་ལོ་རྒྱུས་ཐོག་རྩ་བ་ནས་མེད་ཅིང་མི་རིགས་གཞན་དག་ཕྱིར་འབུད་བྱེད་པའི“བོད་ཆེན་པོའི”ལྐོག་གཡོ་བཤམས་པ་དང“རང་སྐྱོང”རྫུས་མར་ཁ་གཡར་ནས“རང་བཙན”ངོ་མའི“ཚད་མཐོའི་རང་སྐྱོང”ཟེར་བའི་ཆབ་སྲིད་ཀྱི་འདོད་ཚུལ་བགྲངས་ཏེ་མཚོ་བོད་ས་མཐོར་ལོ་ངོ་སྟོང་ཕྲག་མང་པོའི་རིང་མི་རིགས་མང་པོ་སྡོད་འདུས་ཀྱི་དོན་དངོས་དང་མི་རིགས་ཁག་དབར་གྱི་བརྟན་ཞིང་འགྱུར་བ་མེད་པའི་རིག་གནས་ཀྱི་མོས་སེམས་དང་བརྩེ་དུང་གི་མོས་སེམས་རྦད་དེ་སྣང་མེད་དུ་བཏང་བ་དང་། མི་རིགས་ཁག་གི་མི་དམངས་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་རིང་བཏོད་པའི་མཚར་སྡུག་ལྡན་པའི་ཤེས་དཔལ་དང་མཐུན་སྒྲིལ་མཉམ་ལས་བྱེད་རིང་ཐོབ་པའི་རླབས་ཆེའི་གྲུབ་འབྲས་སྣང་མེད་དུ་བཏང་བ། བོད་ཀྱི་མི་རིགས་ཁག་ལ་རྩ་ཁྲིམས་ཀྱི་འགན་ལེན་ཐོབ་པའི་འདྲ་མཉམ་གྱི་ཁེ་དབང་དང་མི་རིགས་མཐུན་སྒྲིལ་གྱིས་སྤྱི་ཚོགས་ཡར་ཐོན་ལ་ཐོན་པའི་དོན་སྙིང་གལ་ཆེན་སྣང་མེད་དུ་བཏང་བ་བཅས་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་གནོད་འཚེ་གཏོང་མཁན་ཉེས་ཅན་གཏེ་པོ་ཡིན་པ་རྩོད་ཐབས་བྲལ་བའི་དོན་དངོས་ལས་གསལ་བཤད་ཐུབ་ཡོད།

    ང་ཚོས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཇི་ལྟར་བྱས་ནས་བོད་བརྒྱུད་ནང་བསྟན་ཟང་ཟིང་བཟོ་བར་བལྟས་ཚེ། ཁོ་པས་ཆོས་ལུགས་ཆབ་སྲིད་ཀྱི་ལག་ཆར་བརྩིས་ནས་ཁོ་པའི་ཆབ་སྲིད་ཀྱི་དམིགས་ཡུལ་འགྲུབ་རྒྱུར་ཕན་པ་ཡོད་ཕྱིན། བླ་མ་སྐྱེས་ཆེན་རིམ་བྱོན་གྱིས་ནན་སྲུང་དང་རྒྱུན་འཛིན་གནང་བའི་འདུལ་ཁྲིམས་དང་བསྟན་དོན་དང་ལོ་རྒྱུས་ཀྱི་ངེས་སྲོལ་མངོན་སུམ་འཛེམ་མེད་ངང་རྡོག་རོལ་དང་གཏོར་བཤིག་གཏོང་བ་མ་ཟད། ཐ་ན་བོད་བརྒྱུད་ནང་བསྟན་རྦད་དེ་ཟང་ཟིང་བཟོ་རྒྱུར་འཛེམ་བག་སྤུ་ཙམ་ཡང་བྱེད་ཀྱི་མེད། ཁོ་པས་རང་སྲེག་བྱ་རྒྱུར་ངན་སྐུལ་བྱས་ནས་རང་ཉིད་ཀྱི“རྒྱལ་སྤྱིའི་ཤུགས་རྐྱེན”ཐེབས་ཤུགས་ཆེ་རུ་གཏོང་བ་དང་ནང་བསྟན་གྱི་གཞི་རྩའི་སྡོམ་ཁྲིམས་དང་རྒྱབ་འགལ་བྱས་ཏེ་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དུ་རང་སྲེག་གི་དོན་རྐྱེན་ངན་སྐུལ་བྱས་ནས་འཇིགས་སྐུལ་གྱི་རྣམ་པ་བཟོ་རྒྱུའི་རེ་ངན་བཅངས་ཡོད། ཁོ་པས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་ལམ་ལུགས་གཏོར་བཤིག་བཏང་ནས་ཆོས་ལུགས་ལས་རིགས་སུ་ཟང་ཟིང་བཟོས་པ་དང་། ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ལ་མི་བལྟོས་པར་རང་དགར་སྤྲུལ་སྐུ་ངོས་འཛིན་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ཀྱི་སྒྲིག་ལམ་ཟང་ཟིང་བཟོ་རྒྱུའི་རེ་ངན་བཅངས་ནས་བོད་བརྒྱུད་ནང་བསྟན་རྒྱུན་འཛིན་གོ་རིམ་དང་ཕུགས་ཀྱི་འཕེལ་རྒྱས་ལ་ཉེན་ཁ་ཚབས་ཆེན་བཟོ་གི་ཡོད། ཁོ་པས་ལྗོངས་ནང་ཁུལ་གྱི་གྲྭ་བཙུན་ལ་ལོག་སྤྱོད་ཀྱི་བསམ་བློ་སིམ་འཛུལ་བྱས་ཏེ་ཁ་ཕྲལ་རིང་ལུགས་ཀྱི་ཆབ་སྲིད་ཕྱོགས་གཏོགས་གསོ་སྐྱོང་བྱ་རྒྱུའི་རེ་ངན་བཅངས་པ་དང་། མ་གཞི་ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་དགོས་པའི་རབ་བྱུང་བ་དེ་དག་ཁོ་པ་མི་སྒེར་གྱི་འདོད་རྔམ་འགྲུབ་རྒྱུར་གཞོགས་འདེགས་བྱེད་པའི“ཆབ་སྲིད་ཀྱི་ཨ་ཕྲུག”ལ་འགྱུར་བ་བྱས་ནས་ངོ་མཚར་ཁྱད་དུ་འཕགས་པའི་སངས་རྒྱས་ཀྱི་ཞིང་ཁམས་དེ་དུ་ནག་ལང་ལོང་དུ་འཕྱུར་བའི་ཟང་ཟིང་ངན་ཇུས་གཤོམ་ཡུལ་དུ་གྱུར་ཡོད། ཁོ་པས་སྨོན་ལམ་ཆེ་མོ་འཚོགས་པ་སོགས་བརྒྱུད་དད་ལྡན་མང་ཚོགས་ཀྱི་སེམས་པ་དཀྲུག་ནས་དུས་འཁོར་དབང་ཆེན་སོགས་ལོ་རྒྱུས་ཡུན་རིང་ལྡན་ཞིང་སྒམ་བརླིང་ལྡན་པའི་ཆོས་ལུགས་བྱེད་སྒོ་དེ་ལོ་གཅིག་ལ་ཐེངས་མང་སྤེལ་བའི་ཆབ་སྲིད་དྲིལ་བསྒྲགས་ཀྱི་གར་སྟེགས་སུ་སྒྱུར་བ་དང་། དད་ལྡན་པས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་ལ་དད་གུས་བྱེད་པར་བརྟེན་ནས་ཆོས་ལུགས་ཀྱི་བྱེད་སྒོའི་ཁྲོད་ཁ་ཕྲལ་རིང་ལུགས་ཀྱི་ཆབ་སྲིད་ལྐོག་ཏུ་དྲིལ་བསྒྲགས་བྱེད་པ་དང་། འགྲོ་བར་ཕན་འདོགས་ཁུལ་བྱས་ཀྱང་དོན་ངོ་མར་འགྲོ་བར་གནོད་འཚེ་གཏོང་གི་ཡོད། དོན་དངོས་རེ་རེ་བཞིན་ལས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་གཅེས་ཆོས་སྲུང་མི་བྱེད་པར་དེ་ལས་ལྡོག་སྟེ་ཆོས་གནོད་ཆོས་ཕུང་བྱེད་པ་གསལ་བཤད་གང་ལེགས་ཐུབ་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་རང་ཉིད་ནི“བོད་མི་དམངས་ཀྱི་མགྲིན་ཚབ་པ”ཡིན་ཞེས་ཤོད་པ་དེ་ནི་ཁུངས་ལུང་གཏན་ནས་མེད་པའི་གཏམ་འཆལ་ཞིག་རང་རེད། ཁོ་པ་ནི་བོད་འཕེལ་རྒྱས་ཡར་ཐོན་གྱི་བཀག་རྡོ་ཞིག་དང་། བོད་དུ་ཟིང་ཆ་སློང་མཁན་གྱི་རྐྱེན་རྩ་ཞིག བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོར་གཏོར་བཤིག་གཏོང་མཁན་ཞིག བོད་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་གནོད་འཚེ་གཏོང་མཁན་ཞིག ཆོས་གོས་གྱོན་ནས་བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་གྲལ་རིམ་གྱི་ལྷག་འཕྲོ་རོ་ལངས་རྒྱག་པའི་ཕྱོགས་གཏོགས་ཆེད་བྲེལ་འཚུབ་ཆེན་པོས་རེ་འབོད་བྱེད་མཁན་ལོག་སྤྱོད་ཀྱི་སྲིད་ཚོང་བ་ཞིག་བཅས་རེད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ངེས་པར་དུ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི་ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི་བོད་ཕུང་ཆོས་གནོད་ཀྱི་སྲིད་ཚོང་བ་ཞིག་ཡིན་པའི་ལོག་སྤྱོད་ཀྱི་ངོ་བོར་ངོས་འཛིན་གསལ་པོ་བྱས་ནས། རླབས་ཆེའི་དམངས་གཙོའི་བཅོས་སྒྱུར་གྱི་གྲུབ་འབྲས་སྲུང་སྐྱོང་དང་། དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་དབྱེ་མཚམས་རྦད་དེ་གསལ་པོ་ཕྱེ་སྟེ་ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་བྱེད་དགོས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་རང་ཐག་རང་བསྡམས་དང་ངན་རེངས་ཨུ་ཚུགས་བྱས་ན་མཐར་ལོ་རྒྱུས་དང་མི་དམངས་ཀྱིས་འདོར་ངེས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།