[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • མར་ཁེ་སི་རིང་ལུགས་ལོ་རྒྱུས་ལྟ་བ་བརྟན་པོ་འཛུགས་དགོས།

    མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་སློབ་གསོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་གླེང་ཐེངས་དང་པོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2018-12-06

    ལོ་རྒྱུས་ཀྱི་ལྟ་བ་ཡང་དག་མིན་དེ་མི་སེམས་འགྲིལ་མིན་དང་། རྒྱལ་ཁབ་འཕེལ་འགྲིབ། མི་རིགས་དར་རྒུད་ཇི་བྱུང་བཅས་དང་འབྲེལ་བ་དམ་ཟབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་དང་རྒྱལ་ཁབ་ཅིག་གིས་ངེས་པར་དུ་རང་ཉིད་སུ་ཡིན་པ་དང་། གང་ནས་ཡོང་མིན། གང་དུ་སྐྱོད་དགོས་པ་བཅས་ཤེས་པ་བྱེད་དགོས། དེ་གསལ་པོ་ཤེས་པ་དང་འགྲིག་པ་ཡིན་ན་དམིགས་ཚད་ཀྱི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་དགོས”ཞེས་མཛུབ་སྟོན་གསལ་པོ་གནང་ཡོད། 

    ལོ་རྒྱུས་ཀྱི་ལྟ་བ་ནི་མི་རྣམས་ཀྱིས་སྤྱི་ཚོགས་ལོ་རྒྱུས་ལ་འཛིན་པའི་སྤྱིའི་ལྟ་སྟངས་དང་རྩ་བའི་ལྟ་ཚུལ་ཞིག་ཡིན་ལ་འཇིག་རྟེན་གྱི་ལྟ་བའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་ནི་ང་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་ཀྲུང་གོའི་ལོ་རྒྱུས་ཤེས་པར་བྱེད་པ་དང་། དེང་དུས་ཀྱི་ཀྲུང་གོ་རྟོགས་པར་བྱེད་པ། བོད་ཀྱི་སྤྱི་ཚོགས་མདུན་སྐྱོད་ཀྱི་ཁ་ཕྱོགས་སྟངས་འཛིན་བྱེད་པ། མཛེས་སྡུག་ལྡན་པའི་འབྱུང་འགྱུར་སྟོབས་ཤུགས་ཡོད་རྒུས་གཏོད་པ་བཅས་ཀྱི་བསམ་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ལོ་རྒྱུས་ཀྱི་ལྟ་བ་ཡང་དག་ཅིག་འཛུགས་ཐུབ་པ་བྱུང་ན་གཞི་ནས་ཀྲུང་ཧྭ་མི་རིགས་ཀྱི་སྤོབས་སེམས་དང་རང་ཡིད་རང་ཆེས་ཀྱི་བསམ་པ་ཆེ་རུ་དང་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་སྒྲུབ་པའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་ཐུབ། 

    མར་ཁེ་སི་རིང་ལུགས་ཀྱི་ལོ་རྒྱུས་ལྟ་བས་སྤྱི་ཚོགས་གནས་པ་དེས་སྤྱི་ཚོགས་ཀྱི་འདུ་ཤེས་ཐག་གཅོད་པ་དང་། སྤྱི་ཚོགས་དེ་དམའ་རིམ་རྣམ་པ་ནས་མཐོ་རིམ་རྣམ་པར་འཕེལ་རྒྱས་འགྲོ་བ་ནི་ཡོངས་ཁྱབ་རང་བཞིན་ལྡན་པའི་ཆོས་ཉིད་ཅིག་ཡིན་པ། ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བའི་དབར་དང་དཔལ་འབྱོར་གྱི་རྨང་གཞི་དང་སྟེང་གི་བཀོད་པའི་དབར་གྱི་འགལ་ཟླའི་སྒུལ་སྐྱོད་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཤིག་ཡིན་པ། གྲལ་རིམ་འཐབ་རྩོད་ནི་གྲལ་རིམ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐད་ཀའི་སྒུལ་ཤུགས་ཡིན་པ། མི་དམངས་མང་ཚོགས་ནི་ལོ་རྒྱུས་གསར་གཏོད་མཁན་ཡིན་པ། མ་རྩ་རིང་ལུགས་རྩ་མེད་དུ་འགྲོ་རྒྱུ་དང་གུང་ཁྲན་རིང་ལུགས་ལ་རྒྱལ་ཁ་ཐོབ་རྒྱུའང་ལྡོག་མེད་ཅིག་ཡིན་པ་བཅས་གསལ་པོར་བསྟན་ཡོད། 

    མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་མཚོན་པའི་གཞི་རྩའི་ལྟ་ཚུལ་དེ་དག་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་གཏན་འཁེལ་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཡིན་པ་དང་དེས་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་ཤེས་རྟོགས་བྱ་རྒྱུ་དང་། དུས་རབས་ཀྱི་སྣེ་ཁྲིད་རྒྱུ། འབྱུང་འགྱུར་གསར་གཏོད་བྱ་རྒྱུ་བཅས་ལ་ཚན་རིག་དང་མཐུན་པའི་འཇིག་རྟེན་གྱི་ལྟ་བ་དང་བརྟག་ཐབས་སྨྲ་བ་མཁོ་འདོན་བྱས་ཡོད། 

    ལོ་རྒྱུས་ཤེས་ན་ལོ་རྒྱུས་དང་བསྟུན་ཐུབ་པ་དང་། ལོ་རྒྱུས་དང་བསྟུན་ན་ལོ་རྒྱུས་གསར་གཏོད་བྱེད་ཐུབ། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭའི་ས་གཞི་ཆེ་མོར་གཞི་ཚུགས་ཁར། མར་ཁེ་སི་རིང་ལུགས་ཀྱི་ལོ་རྒྱུས་ཀྱི་ལྟ་བ་དང་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་གཉིས་ཟུང་འབྲེལ་བྱས་པ་བརྒྱུད། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་ལམ་བུ་ཡང་དག་འཚོལ་ཞིབ་ཐུབ་པ་དང་། རི་བོ་ཆེན་པོ་གསུམ་མགོ་རྟིང་བསླགས་པ། ཀྲུང་གོ་གསར་པ་བཙུགས་པ། ཉལ་ཐའི་དམག་འཁྲུག་ཚུན་གྱི་ཀྲུང་ཧྭ་མི་རིགས་དབུལ་ཞིང་ཕོངས་པ་དང་ཉམས་ཞན་གྱི་ལོ་རྒྱུས་མཇུག་འགྲིལ་བ། ཡར་ལངས་ཀྱི་རླབས་ཆེན་ཕུགས་འདུན་གྲུབ་པ་བཅས་བྱས་ཡོད། སུའུ་ལན་གྱི་བྱེད་སྟངས་དེ་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མི་མཐུན་ཞིང་། འཚོལ་ཞིབ་བྱེད་རིང་ང་ཚོར་སླར་ཡང་བར་ཆད་དང་དཀའ་ངལ་ཆེན་པོ་འཕྲད་པའི་དུས་སུ། ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རང་ལུགས་ཀྱི་ལོ་རྒྱུས་ཀྱི་ལྟ་བ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་ཀྱི་ཐོག་མའི་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་བཀུར་ཞུས་ཏེ་སྒྱུར་བཅོས་སྒོ་དབྱེའི་ཐབས་ཇུས་ཆེན་པོ་འཕྲལ་ཐག་ཆོད་པོས་བཏོན་ནས་རང་ཉིད་ཀྱི་ལམ་བུའི་ཐོག་བསྐྱོད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱས་པས་ཀྲུང་གོའི་རྣམ་པ་དང་། ཀྲུང་གོའི་སྤྱི་ཚོགས་ཀྱི་རྣམ་པ། ཀྲུང་གོའི་མི་དམངས་ཀྱི་རྣམ་པ་བཅས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ནས་ཕྱུག་པོར་འགྱུར་བའི་རླབས་ཆེན་ཕུགས་འདུན་གྲུབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བརྗིད་ཆེའི་འཆར་གཞི་བཏིངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་བསྐྱོད་རྒྱུར་སྐུལ་འདེད་བཏང་བ་ལས་ཀྲུང་ཧྭ་མི་རིགས་ལ་ཡར་ལངས་དང་ཕྱུག་འགྱུར་ནས་སྟོབས་ཆེར་འགྲོ་བའི་བར་གྱི་རླབས་ཆེན་གྱི་མཆོང་སྐྱོད་བྱུང་ཡོད།

    ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་ལོ་རྒྱུས་ཀྱི་ལྟ་བ་མཛུབ་ཁྲིད་དུ་བྱས་ཏེ་ཀྲུང་གོའི་ལོ་རྒྱུས་ཤེས་རྟོགས་ཡང་དག་བྱས་ནས་མི་རིགས་ཁག་ཐུན་མོང་དར་རྒྱས་གོང་འཕེལ་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། ཀྲུང་གོའི་ལོ་རྒྱུས་ནི་ཀྲུང་ཧྭའི་མི་རིགས་ཁག་གིས་མཉམ་དུ་བཏོད་པ་ཞིག་དང་། བོད་འདི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ནི་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་བརྩོན་ལེན་བྱེད་པའི་ལོ་རྒྱུས་ཤིག་ཡིན། མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁེ་ཕན་ཆེ་ཤོས་དེ་ཡིན་ལ། ཀྲུང་གོའི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་ཅིག་ཀྱང་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་གྱིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་འདུན་པ་དང་བསྟུན་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་། བཙན་རྒྱལ་རིང་ལུགས་ཀྱི་ཕྱོགས་གཏོགས་བོད་ནས་མཐར་བསྐྲད་པ། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་ནུས་ལྡན་བྱས་པ། ཉེ་རབས་ཚུན་དུ་བཙན་རྒྱལ་རིང་ལུགས་ཀྱིས་བཤམས་པའི“བོད་རང་བཙན”ཟེར་བའི་ལྐོག་གཡོ་ཐལ་བའི་རྡུལ་དུ་བརླགས་ཡོད། བོད་ཀྱི་ལོག་སྤྱོད་མཐོ་རིམ་གྱིས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དང་མངའ་བདག་ཆེན་པོ་གསུམ་གྱི་དམིགས་བསལ་དབང་ཆ་ནམ་ཡང་རྒྱུན་འཁྱོངས་བྱ་ཕྱིར་བསླངས་པའི་དྲག་པོའི་ངོ་ལོག་ཟིང་འཁྲུག་དེ་ཏང་གིས་བོད་མི་དམངས་ཀྱི་སྣེ་ཁྲིད་དེ་ཞོད་འཇགས་བཏང་བ་དང་། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་དུ་བཏང་བ། ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་བ། བོད་ཀྱི་སྤྱི་ཚོགས་དང་ལོ་རྒྱུས་འཕེལ་རྒྱས་ཡར་ཐོན་ཡོང་བ་བྱེད་པའི་ཐད་ཀྱི་འགོག་རྐྱེན་ཆེ་ཤོས་མེད་པར་བཟོས་པས་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་ཐུབ་པ་བྱུང་བ་དང་། དུས་ཐུང་ལོ་བཅུ་གྲངས་རིང་ལོ་ངོ་སྟོང་གི་འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་ཡོད། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོའི་མདུན་དུ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོར་བོད་མི་དམངས་བཅིངས་འགྲོལ་གཏོང་ཐུབ་མཁན་ཀྲུང་གོ་གུང་ཁྲན་ཏང་མ་གཏོགས་མེད་པ་དང་། མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ཚེ་གཞི་ནས་བོད་འཕེལ་རྒྱས་མྱུར་པོ་གཏོང་ཐུབ་པ་དང་གཞི་ནས་དུས་ཐུང་ལོ་བཅུ་ཕྲག་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་མི་ཡུལ་གྱི་ངོ་མཚར་གཏོད་ཐུབ་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་གཞི་ནས་འབྱོར་ཕྱུག་དང་། ཤེས་དཔལ། ཞི་མཐུན་བཅས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྱལ་རྒྱུ་ཡོང་བ་བཅས་ཀྱི་མྱོང་ཚོར་ཟབ་མོ་བྱུང་ཡོད། 

    འོན་ཀྱང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་མི་ལ་ཤོད་མི་ཕོད་པའི་ཆབ་སྲིད་ཀྱི་དམིགས་ཡུལ་བསྒྲུབ་པ་དང་། ལོག་སྤྱོད་གྲལ་རིམ་གྱི་སོ་སོའི་ཁེ་ཕན་སྲུང་བ། ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་དང་ལྐོག་གཡོ་ངན་སྦྲེལ་བྱེད་པའི་དགོས་མཁོ་བཅས་ཀྱི་ཆེད་དུ། བོད་འདི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བྲག་ལྟར་སྲ་བའི་ལོ་རྒྱུས་ཀྱི་དོན་དངོས་འཛེམ་བག་མེད་པར་ཁས་མི་ལེན་པ་དང་། དམངས་གཙོའི་བཅོས་སྒྱུར་གྱི་རླབས་ཆེན་གྱི་ལོ་རྒྱུས་དོན་སྙིང་འཛེམ་བག་མེད་པར་ཁས་མི་ལེན་པ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་དུས་རབས་ཕྱེད་ཀ་ལྷག་སོང་རིང་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་འཛེམ་བག་མེད་པར་ཁས་མི་ལེན་པ་བཅས་ལོ་རྒྱུས་ཀྱི་རླབས་རྒྱུན་དང་ལྡོག་པའི་བྱ་སྤྱོད་སྤེལ་བཞིན་ཡོད། ལོ་ངོ་སྟོང་གི་ལོ་རྒྱུས་དོན་དངོས་ལ་སུ་ཞིག་གིས་ཀྱང་འགྱུར་ལྡོག་གཏོང་ཐབས་བྲལ་བ་དང་རླབས་ཆེན་གྱི་ལོ་རྒྱུས་གྲུབ་འབྲས་སུ་ཞིག་གིས་ཀྱང་སུབ་ཐབས་བྲལ་བ་རེད། ལོ་རྒྱུས་ལ་བརྩི་འཇོག་མི་བྱེད་མཁན་ལ་ལོ་རྒྱུས་ཀྱི་བརྩི་འཇོག་ཐོབ་ག་ལ་སྲིད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ད་དུང་གྲལ་རིམ་གྱི་འགལ་ཟླ་གཡོ་འགེབས་བྱས་ཏེ་ནུས་ཤུགས་གང་ཡོད་བཏོན་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལ་ངོ་བསྟོད་ཆེ་བརྗོད་བྱེད་པ་དང་ནུས་ཤུགས་གང་ཡོད་བཏོན་ནས་བོད་འཕེལ་རྒྱས་གཏོང་བའི་ལམ་བུ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་འབད་འབུངས་བྱེད་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བྱ་གཞག་ལ་ཚིག་མཚོན་འདེབས་ཀྱི་ཡོད། སྐྱེ་བོ་ཀུན་གྱིས་གསལ་པོར་རྟོགས་པ་ནི་བོད་རྙིང་པར་གཞུང་ལམ་དང་གློག་ཁང་གཅིག་རྐྱང་མེད་ལ། དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་དང་སྨན་ཁང་གཅིག་ཀྱང་མེད། རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་ལ“རང་ཉིད་ལ་འཇོག་རྒྱུ་ཡོད་པ་ནི་རྐང་རྗེས་དང་འཁྱེར་རྒྱུ་ཡོད་པ་ནི་རང་ཉིད་ཀྱི་གྲིབ་གཟུགས་ཙམ་ཡིན” དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པའི་དུས་འགོར་བོད་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1ཡས་མས་ལས་ཟིན་གྱི་མེད། 2017ལོར་བོད་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1300ལྷག་ཙམ་ཟིན་པ་དང་། གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་9ཟིན་པ། གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་300ཟིན་པ། རྒྱལ་ཡོངས་སུ་དང་ཐོག་ལོ་བཅོ་ལྔའི་གཞུང་གྲོན་སློབ་གསོ་ལག་ལེན་བསྟར་བ་དང་གཞུང་གྲོན་སྨན་བཅོས་ཡོངས་སུ་ཁྱབ་ཡོད། བོད་གསར་རྙིང་གཉིས་ལས་ཡང་སྙིང་གང་ཞིག་འོད་སྣང་ལྡན་པ་དང་ཡང་སྙིང་གང་ཞིག་མུན་ནག་ཡིན་ནམ། ཡང་སྙིང་གང་ཞིག་ཡར་ཐོན་དང་ཡང་སྙིང་གང་ཞིག་རྗེས་ལུས་ཡིན་ནམ། ཡང་སྙིང་གང་ཞིག་དམངས་གཙོ་དང་ཡང་སྙིང་གང་ཞིག་སྒེར་གཅོད་ཡིན་ནམ། ཡང་སྙིང་གང་ཞིག་སྒོ་འབྱེད་དང་ཡང་སྙིང་གང་ཞིག་སྒོ་རྒྱག་ཡིན་ནམ། དེས་ན་མ་རུངས་ཁོག་བཅངས་བྱེད་མཁན་མིན་ཚེ་བསྡུར་བ་བྱས་པ་ཙམ་གྱིས་གསལ་པོ་ཤེས་ཐུབ། “འཇིག་རྟེན་འཁོར་ལོ་འཕེལ་ཕྱོགས་ཆེན་པོར་ཕྱོགས། བསྟུན་ན་དར་ལ་ལྡོག་ན་ཉམས” ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ལོ་རྒྱུས་གཡོ་བཅོས་དང་དོན་དངོས་འཁྱོག་བཤད་བྱས་ཏེ“བོད་རང་བཙན”ཟེར་བའི་ཁུངས་མེད་ལུང་མེད་ཀྱི་གཏམ་བརྗོད་ཡ་མཚན་ཅན་དེ་ཉིད་རྩ་ཐོར་དུ་འགྲོ་རྒྱུ་ལས་མ་འདས། 

    མར་ཁེ་སི་རིང་ལུགས་ཀྱི་ལོ་རྒྱུས་ཀྱི་ལྟ་བ་འཛུགས་དོན་ནི་ལོ་རྒྱུས་ཀྱི་མེ་ལོང་མདུན་དུ་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱེད་པ། ཡིན་མིན་དབྱེ་འབྱེད་ཁྲོད་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་གདོང་རིས་ངོ་མ་གསལ་པོར་རྟོགས་པ་བཅས་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”དེ་བས་རང་འགུལ་ངང་ཐུབ་པ་བྱས་ཏེ། ཏང་གི་འགོ་ཁྲིད་འོག་བོད་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཆེད་དུ་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཆེད་ཡིན། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།