[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • འབྱོར་འབྲིང་ལམ་བུར་ང་ཚོ་མཉམ་དུ་བསྐྱོད།

    ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-08

    ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་སྲས་ཤང་ཆུ་འཁྱིལ་སྨད་གྲོང་ཚོའི་སྒྲོལ་མའི་ཁྱིམ་ནི་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཞིག་ཡིན་པ་དང་། ཁྱིམ་དུ་མག་པ་གཉིས་ཡོད་པ་གཅིག་ནི་རྒྱ་རིགས་དང་གཅིག་ཤོས་དེ་ཧུད་རིགས་ཡིན་ཞིང་། ནང་མི་ཕན་ཚུན་མི་རིགས་སོ་སོའི་གོམས་གཤིས་ལ་བརྩི་འཇོག་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པས་ཚང་མའི་མིག་ནང་གི་ཞི་མཐུན་ཁྱིམ་ཚང་དང་འབྱོར་ཕྱུག་གི་ཁྱིམ་ཚང་ཞིག་རེད།

    ལྷོ་ཁར་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་དེ་ལྟ་བུ་ད་དུང་ཧ་ཅང་མང་པོ་ཡོད། ད་ཕན་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས“ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང”ཞེས་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། མི་རིགས་ཁག་གི་མང་ཚོགས་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ་རྒྱུར་སྣེ་ཁྲིད་དེ་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་པ་བརྩམས་ཡོད།

    མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་པ།

    ད་ཕན་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་མཛུབ་ཁྲིད་དུ་བྱས་ཏེ་ཕན་འབྲས་ཆེན་པོ་ལྡན་པའི་དྲིལ་བསྒྲགས་དང་དོན་སྙིང་ཟབ་པའི་རིག་རྩལ་འཁྲབ་སྟོན་བྱས་པས་མང་ཚོགས་ཀྱི་མིག་གི་གསོས་སུ་གྱུར་པ་དང་དུས་མཚུངས། མི་རིགས་མཐུན་སྒྲིལ་གྱི་རང་རྟོགས་རང་བཞིན་ཡང་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ་གྱི་གྲོང་མི་བཀྲ་ཤིས་རྡོ་རྗེས“ད་ཆ་མང་ཚོགས་ཚོས་མི་རིགས་མཐུན་སྒྲིལ་ནང་དོན་གཙོ་བོར་བྱས་པའི་གཤམ་སྐྱོད་འཁྲབ་སྟོན་ལྟ་རྒྱུར་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ཚང་མས་འཁྲབ་སྟོན་དེ་རིགས་ཀྱི་བྱེད་སྒོ་མང་ཙམ་གཉེར་རྒྱུའི་རེ་བ་ཡོད་ཅེས་ཤོད་ཀྱི་འདུག”ཅེས་གསར་འགོད་པར་བརྗོད།

    ལོ་ལྟར“མི་རིགས་མཐུན་སྒྲིལ་ཟླ་བའི”རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཇུས་འགོད་ཞིབ་ཚགས་བྱས་ཏེ་རིག་རྩལ་སྐོང་འཁྲབ་དང་། མི་རིགས་མཐུན་སྒྲིལ་གྱི་ཤེས་བྱའི་འགྲན་བསྡུར། བཅའ་ཁྲིམས་བློ་འདྲི་སོགས་ཀྱི་བྱེད་སྒོ་ཤུགས་ཆེན་སྤེལ་ནས་མང་ཚོགས་ཚོར་དགའ་སྤྲོ་འཁོལ་བའི་དགོད་སྒྲའི་ཁྲོད་དུ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་ཐོབ་པ་དང་མི་རིགས་དབར་གྱི་གོང་བུ་སྒྲིལ་ཤུགས་ཆེ་རུ་གཏོང་གི་ཡོད། དེ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ལ་གཟེངས་བསྟོད་བྱས་ཏེ་མིག་དཔེའི་སྟོབས་ཤུགས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་གི་ཡོད། འདི་ལོའི་ལོ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་མཉམ་སྡེབ་21དང་དཔེ་བཟང་མི་སྒེར་30བདམས་པ་དང་གཟེངས་བསྟོད་བྱས་པ་རེད།

    མི་རིགས་མཐུན་སྒྲིལ་གྱི་རྨང་རྡོ་བརྟན་པོ་བཏིང་བ།

    ལྷོ་ཁ་གྲོང་ཁྱེར་གྱིས་ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཉིད་གྲོང་ཁྱེར་ཡོངས་ཀྱི་ཞི་མཐུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་རྨང་རྡོ་བརྟན་དུ་ཧུར་ཐག་བཏང་ཡོད།

    ལྷོ་བྲག་རྫོང་ལ་རྒྱབ་ཤང་ནི་ལྷོ་ཁ་གྲོང་ཁྱེར་གྱི་ས་ཐག་ཅུང་རིང་བའི་མཐའ་མཚམས་ཤང་ཞིག་ཡིན་ཞིང་། ད་ཆ་ཏང་དང་སྲིད་གཞུང་གི་རོགས་རམ་འོག་ཤང་དེ་ཡོངས་ཀྱི་དུད་ཚང་69ལ་ཡངས་ཤིང་དཀར་ཆ་དོད་པའི་ཐོག་སོ་ཉིས་ལྡན་གྱི་ཁང་པ་གསར་པ་བརྒྱབ་ཡོད། “དེ་སྔ་ཏང་དང་སྲིད་གཞུང་གིས་ང་ཚོར་བདེ་སྡོད་ཁང་པ་བསྐྲུན་རོགས་བྱས་པ་དང་། ད་ཆ་ཡང་ང་ཚོར་འབྱོར་འབྲིང་ཁང་པ་བསྐྲུན་རྒྱུར་རོགས་རམ་གནང་བྱུང་བས་དངོས་གནས་དཔེ་མི་སྲིད་པའི་ཡག་པོ་འདུག”ཅེས་ཤང་དེའི་མང་ཚོགས་ཉི་མ་མཚོ་མོས་ཁྱིམ་ཆས་གསར་པ་ཕྱིས་བཞིན་ངོ་གདོང་ནས་དགའ་བའི་ཉམས་འགྱུར་དང་བཅས་གསར་འགོད་པས་དེ་ལྟར་བརྗོད།

    མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་རྨང་གཞི་དང་ཆ་རྐྱེན་སྐྱོ་བ་དང་དེ་བཞིན་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་དཀའ་ངལ་ཆེ་ཙམ་ཡོད་པའི་དོན་དངོས་ལ་དམིགས་ཏེ། ལྷོ་ཁ་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་1.35བསྡུ་སྒྲིལ་བྱས་ནས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་བ་དང་། མཐའ་མཚམས་གྲོང་གསེབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་དང་ཆུ་བེད་ལས་གྲྭ་སོགས་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ནུས་ལྡན་བཏང་སྟེ་མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཚོའི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་བཏང་ཡོད།

    མཚོ་སྣ་རྫོང་སླད་མོན་པ་མི་རིགས་ཤང་ནི་མཐའ་མཚམས་ཤང་ཞིག་རེད་ལ་མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ཁུལ་ཞིག་ཀྱང་རེད། ད་ཆ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་ཤང་དེའི་མང་ཚོགས་ཚོས་འབྱོར་འབྲིང་ཁང་པ་བརྒྱབ་པ་མ་ཟད་ད་དུང་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་གི་ཡོད། “ལོ་གཅིག་སོང་མཚམས་ཁྱིམ་ཚང་འགྲུལ་ཁང་ལ་ཡོང་འབབ་སྒོར་ཁྲི་གསུམ་བཞི་ཙམ་ཡོང་གི་འདུག”ཅེས་ཕ་ཡུལ་དུ་ལས་གཏོད་བྱེད་པར་ལོག་པའི་སློབ་ཆེན་སློབ་མ་ཤང་དེའི་སླད་གྲོང་ཚོའི་མང་ཚོགས་འོད་ཟེར་གྱིས་རང་ཉིད་ཀྱིས་བདམས་པའི་མདུན་ལམ་ལ་སྤོབས་པ་སྐྱེ་བཞིན་དུ་བརྗོད།

    འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱི་མཉམ་སྤྱོད་ཐུབ་རྒྱུར་སྐུལ་འདེད་བཏང་བ།

    ལྷོ་ཁ་གྲོང་ཁྱེར་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཐོན་ལས་འཕེལ་རྒྱས་གཏོང་བས་མི་རིགས་ཁག་གི་མང་ཚོགས་ལས་ཞུགས་འབབ་འཕར་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཏེ་ཁོང་ཚོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱས་ཡོད།

    ལས་ཞུགས་ནི་དམངས་འཚོ་གལ་ཆེ་ཤོས་ཤིག་རེད། ལྷོ་ཁ་གྲོང་ཁྱེར་གྱིས་ལས་ཞུགས་ལས་དོན་ལ་འགན་ལེན་ཤུགས་ཆེན་དང་ལེགས་སུ་བཏང་ཞིང་། ཕྱོགས་གཅིག་ནས་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་པ་བརྒྱུད་མི་རིགས་ཁག་གི་མང་ཚོགས་ཚོའི་ལས་ཞུགས་ནུས་པ་ཆེ་རུ་བཏང་ནས་ལས་ཞུགས་དང་ལས་ཞུགས་བསྐྱར་མར་སྐུལ་འདེད་བཏང་བ་དང་། ཕྱོགས་གཞན་ཞིག་ནས་ཕུལ་བྱུང་གི་ཁེ་ལས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་དང་ངལ་རྩོལ་ནུས་ཤུགས་ལས་ཀར་བསྡུས་ཏེ་མང་ཚོགས་ཕ་ཡུལ་དང་ཁ་འབྲལ་མི་དགོས་པར་ཐག་ཉེ་སར་ལས་ཞུགས་འབབ་འཕར་ཡོང་བར་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།