[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-13

    སློབ་གསོ་དར་ན་རྒྱལ་ཁབ་དར། སློབ་གསོ་སྟོབས་ཆེར་ཕྱིན་ན་རྒྱལ་ཁབ་སྟོབས་འབྱོར་ལྡན།

    སྟོན་རླུང་བསིལ་པོ་ལྡང་། སྟོན་མདངས་རབ་ཏུ་རྒྱས་པའི་ཟླ་9པར་ང་ཚོས་རྒྱལ་ཡོངས་ཀྱི་དགེ་རྒན་དུས་ཆེན་ཐེངས་སོ་བཞི་པ་བསུས་ཡོད། དགེ་རྒན་གྱི་དུས་ཆེན་ཉིན་མོར་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་འཚོགས་པ་དེ་ཐོག་ནས་རང་རེའི་ཏང་གིས་སློབ་གསོའི་ལས་དོན་ནམ་ཡང་མི་བརྗེད་པའི་བརྩེ་སེམས་མཚོན་པ་དང་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཀྱི་དགེ་བཀུར་སློབ་བརྩི་དང་ཤེས་བྱ་དང་སློབ་གསོར་བཀུར་བའི་རིན་ཐང་དོན་གཉེར་མཚོན་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་ནས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ཕྱོགས་སྡོམ་གཏིང་ཟབ་གནང་བ་དང་། སློབ་གསོའི་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པར་དབྱེ་ཞིབ་གཏིང་ཟབ་གནང་བ། རང་རྒྱལ་གྱི་སློབ་གསོ་དེང་རབས་ཅན་དང་འབྲེལ་བའི་གནད་དོན་གལ་ཆེན་འགར་ཚན་རིག་དང་མཐུན་པའི་ངང་ལན་སྐྱོན་ནས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་སློབ་གསོའི་ལས་དོན་ཐད་བཀོད་སྒྲིག་གལ་ཆེན་གནང་སྟེ་སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། སློབ་གསོ་སྟོབས་ཆེན་གྱི་རྒྱལ་ཁབ་བསྐྲུན་པ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ་བཅས་ཀྱི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ལ་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡོད་པས་དུས་བབ་གསར་པའི་འོག་སློབ་གསོའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་དང་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད།

    སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གིས་སློབ་གསོའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སློབ་གྲྭའི་བསམ་བློ་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་རྒྱག་པ། སློབ་གསོ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། སློབ་གསོའི་ཞན་ཆ་གང་མགྱོགས་གསབ་པ། སློབ་གསོའི་བྱ་གཞག་གི་ཀྲུང་གོའི་ཁྱད་ཆོས་སྔར་བས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། སློབ་གསོ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་པས་སློབ་གསོའི་ཐད་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། རང་རྒྱལ་གྱི་སློབ་གསོའི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ནུས་མགྱོགས་མྱུར་ཆེ་རུ་ཕྱིན་ཏེ་ཀྲུང་གོ་མི་དམངས་དུང་ཕྱུར་13ལྷག་ཙམ་གྱི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་དང་ཚན་རིག་རིག་གནས་ཀྱི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད་པ་རེད།

    ལོ་ལྔ་ལྷག་ཙམ་རིང་རང་རྒྱལ་གྱི་སློབ་གསོའི་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་དེ་ལྟ་བུ་ཐོབ་པའི་རྩ་བ་དེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལས་བྱུང་བ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ཐད་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། ལྟ་བ་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་བ་དེ“མཐའ་འཁྱོངས་དགུ”ལ་བསྡུས་ཡོད་དེ། ཏང་གིས་སློབ་གསོའི་བྱ་གཞག་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་རྩ་བའི་ལས་འགན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་ས་གཞི་ཆེ་མོར་གཞི་ཚུགས་ནས་སློབ་གསོ་གཉེར་རྒྱུ་མཐའ་འཁྱོངས་བྱེད་པ། མི་དམངས་ལྟེ་བར་བཟུང་སྟེ་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། སློབ་གསོ་སྒྱུར་བཅོས་དང་གསར་གཏོད་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཞབས་འདེགས་ཞུ་རྒྱུ་དེ་སློབ་གསོའི་ལས་འགན་གཙོ་བོར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་རྨང་གཞིའི་ལས་དོན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་སོ། “མཐའ་འཁྱོངས་དགུ”ནི་རང་རེའི་ཏང་གིས་རང་རྒྱལ་གྱི་སློབ་གསོའི་བྱ་གཞག་གི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་པ་ཞིག་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་ལས་སླ་པོར་ཐོབ་པ་ཞིག་མིན་སྟབས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་སྦྲགས་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་གཏོང་དགོས།

    མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བར་ངེས་པར་དུ་དུས་བབ་གསར་པ་དང་ལས་འགན་གསར་པའི་ནང་བཏོན་པའི་བླང་བྱ་གསར་པ་ཁོང་དུ་ཆུད་པ་བྱེད་དགོས། དུས་རབས་གསར་པར་སླེབས་པས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་དང་། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེས་སློབ་གསོ་དང་སློབ་སྦྱོང་ཐད་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད། སློབ་གསོ་དེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད། གོ་སྐབས་དམ་འཛིན་དང་སྔོན་ལ་བཀོད་སྒྲིག་བྱས་ཏེ་དེ་བས་མཐོ་བའི་ལོ་རྒྱུས་ཀྱི་ཚུགས་གནས་དང་། དེ་བས་ཡངས་པའི་རྒྱལ་སྤྱིའི་མཐོང་རྒྱ། དེ་བས་གཏིང་ཟབ་པའི་འཐབ་ཇུས་ཀྱི་མིག་རྒྱང་བཅས་ཀྱི་ཐོག་ནས་སློབ་གསོ་དེང་རབས་ཅན་ལ་འགྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་དང་སློབ་གསོར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུའི་ཐད་སྤྱིའི་བཀོད་སྒྲིག་དང་འཐབ་ཇུས་ཀྱི་འཆར་འགོད་བྱས་ཏེ་སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྔོན་ལ་སྒྲུབ་དགོས་པའི་ལས་དོན་གལ་ཆེན་ཞིག་ལ་བརྩིས་ཚེ་གཞི་ནས་སློབ་གསོ་དེ་རྒྱུན་ཆད་མེད་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བའི་བླང་བྱ་དང་འཚམ་པ་དང་། མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་མཐུན་པ། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་དང་རྒྱལ་སྤྱིའི་གནས་བབ་དང་འཚམ་པ་བཅས་ཡོང་ཐུབ།

    མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བར“མི་སྣ་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། ཇི་ལྟར་བྱས་ཏེ་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་པའི”རྩ་བའི་གནད་དོན་དེར་གོ་རིམ་ལྡན་པའི་ངང་ལན་འདེབས་པ་དང་ཐག་གཅོད་བྱེད་དགོས། རང་རྒྱལ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དེས་ང་ཚོའི་སློབ་གསོའི་ཐད་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུ་དེ་རྩ་བའི་ལས་འགན་ལ་བརྩིས་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་སྲུང་ཞུ་མཁན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆེད་ཚེ་གང་འབད་འཐབ་བྱེད་རྒྱུའི་སེམས་ཤུགས་ཡོད་ཅིང་སྤྱོད་གོ་ཆོད་པའི་ཤེས་ལྡན་པ་མི་རབས་མང་པོ་གསོ་སྐྱོང་བྱེད་དགོས་པ་གཏན་འཁེལ་བྱས་ཡོད། དགེ་རྒན་ནི་སློབ་གཉེར་གྱི་རྩ་བ་དང་སློབ་དར་གྱི་འབྱུང་རྩ་ཡིན་པས་ངེས་པར་དུ་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་རྨང་གཞིའི་ལས་དོན་ལ་བརྩིས་ནས་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་སློབ་གསོའི་དགེ་རྒན་དཔུང་ཁག་སྟོབས་ཆེན་ཞིག་འཛུགས་སྐྱོང་བྱ་རྒྱུ་དེ་རེད། སྒྱུར་བཅོས་ནི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་རྩ་བའི་སྒུལ་ནུས་ཡིན་པས་ངེས་པར་དུ་སློབ་གསོ་སྒྱུར་བཅོས་ཀྱི་བརྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཉམ་སྒྲུབ་རང་བཞིན་བཅས་ལ་དོ་ཁུར་བྱས་ཏེ་སྒྱུར་བཅོས་ལ་བརྟེན་ནས་གསོན་ཤུགས་དང་སྒུལ་ཤུགས་འཕེལ་བར་བྱེད་དགོས། ཏང་གིས་སློབ་གསོའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ་ནི་སློབ་གསོ་ཡག་པོ་གཉེར་བའི་རྩ་བའི་འགན་ལེན་ཡིན་པས་ངེས་པར་དུ་ཏང་གིས་སློབ་གསོའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུའི་དབང་ཆ་ཁོང་དུ་ནན་པོ་ཆུད་པ་བྱས་ཏེ་ཏང་གིས་སློབ་གསོའི་བྱ་གཞག་ལ་འགོ་ཁྲིད་བྱ་རྒྱུ་ཕྱོགས་ཡོངས་ནས་མཐའ་འཁྱོངས་བྱེད་དགོས།

    སློབ་གསོ་ནི་མི་རིགས་དར་རྒྱས་དང་སྤྱི་ཚོགས་ཡར་ཐོན་གྱི་རྨང་རྡོ་གལ་ཆེན་ཞིག་དང་། བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་པའི་ཕན་སྦྱར་ལས་གཞི་ཞིག་རེད། ད་ཆ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བར་སློབ་གསོའི་དགོས་མཁོ་དང་ཚན་རིག་ཤེས་བྱ་དང་ཕུལ་བྱུང་ཤེས་ལྡན་མི་སྣའི་དགོས་མཁོ་དེ་སྔའི་དུས་ཚོད་གང་རུང་ཞིག་ལས་ཀྱང་ཁ་ཚ་དགོས་གཏུགས་ཆེ་བ་ཞིག་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ལམ་བུ་མཐའ་འཁྱོངས་བྱས་ཚེ་ང་ཚོས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་གཉེར་ཐུབ་ངེས་རེད། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་རྒྱུན་ཆད་མེད་པར་གསོ་སྐྱོང་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་འདིང་བ་དང་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།