[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གནས་སྤོས་མང་ཚོགས་བདེ་སྡོད་ལས་བརྩོན་ཐུབ་པ་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཀོང་ཁྲེན་གྱིས།    |    སྤེལ་དུས།   2018-08-08

    2018ལོའི་ཟླ་6ཚེས་18ཉིན། འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་11དང་། ཟོག་འདྲེན་རླངས་འཁོར་31དལ་གྱིས་ལྷ་ས་གྲོང་ཁྱེར་སྟོད་ལུང་ཆུས་རྒུ་རུམ་ཤང་དགའ་གྲོང་གྲོང་ཚོར་བསྐྱོད་ཡོད་པ་དང་། དེ་ཐོག་ནས་རང་ལྗོངས་ཀྱི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་རྣམ་གྲངས་ལག་ལེན་བདེ་བླག་ངང་བསྟར་བ་མཚོན་གྱི་ཡོད།

    ཟླ་6ཚེས་28ཉིན། ཆབ་མདོ་གྲོང་ཁྱེར་ས་ངན་ཡུག་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རླངས་འཁོར་རུ་ཁག་ཁག་དང་པོའང་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱི་གནས་སྤོ་ས་ཚིགས་སུ་འབྱོར་བ་སོགས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་འགོ་ཚུགས་པ་རེད།

    ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་འགན་དུས་བཀག་བཞིན་ལེགས་གྲུབ་ཐུབ་མིན་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཇི་ལྟར་ལེན་པའི་གནད་དོན་དེ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲི་ཚོ་300ལྷག་ཙམ་གྱི་བདེ་རྩ་དང་འབྲེལ་བ་ཡོད་ཅིང་། 2017ལོའི་ལོ་མཇུག་བར། རིམ་རྩིས་ལྟར་ན། རང་ལྗོངས་ཀྱིས་ཐོན་སྐྱེད་རྒྱུ་ཆ་བལྟོས་བཅས་འབེལ་བ་དང་། རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་འཐུས་སྒོ་ཚང་བའི་ས་ཁུལ་དུ་བཀོད་སྒྲིག་ས་ཚིགས་714བསྐྲུན་ནས་མི་ཁྲི་10ལྷག་ཙམ་རང་འདོད་གནས་སྤོ་ཐུབ་པར་བྱས་ཡོད།

    བོད་ལྗོངས་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དང་སྤྱི་ཡོངས་རང་བཞིན་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་འབའ་ཞིག་དེ་ཡིན་ཞིང་། 2020ལོར་རྒྱལ་ཡོངས་ས་གནས་ཁག་དང་མཉམ་དུ་གནད་སྨིན་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་དེ་བས་བདེ་སྐྱིད་ཁམས་བདེའི་འཚོ་བར་རོལ་ཐུབ་པ་བྱ་ཆེད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ལས་དོན་སྤེལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། བྱ་ཐབས་འཐུས་སྒོ་ཚང་དུ་བཏང་བས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་རྣམ་པ་བཟང་པོ་ཐོན་ཡོད། དེའི་ནང་། “ཕྱོགས་ལྔ་གཞི་གཅིག”ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་ལས་དོན་ཡིན་པའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་ལ་གཞིགས་ནས་དེ་ཉིད“ཡུལ་ཕྱོགས་ཤིག་གི་ས་ཆས་ཡུལ་ཕྱོགས་དེ་གའི་མི་སྐྱོང་མི་ཐུབ་པའི”གནད་དོན་ཐག་གཅོད་བྱེད་པའི་གཙོ་གནད་འདུ་འགོད་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། ལས་ཀའི་ལམ་སྲོལ་གསར་གཏོད་བྱེད་པ། ལས་དོན་སྤེལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་དང་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྣམ་གྲངས་མང་པོ་ཞིག་ལག་བསྟར་བརྟན་པོ་ཐུབ་པའི་འགན་ལེན་བྱས་ཡོད།

    ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པར་བྱ་སྤྱོད་དངོས་སྤེལ་ནས་དབུལ་སྒྲོལ་ཕྱུག་འགྱུར་དང་དམངས་འཚོ་ལེགས་སུ་གཏོང་རྒྱུ་དམིགས་ཚད་དུ་འཛིན་པ་དང་། ལས་ཞུགས་དང་འབབ་འཕར་ཡོང་རྒྱུ་ལྟེ་བར་འཛིན་པ། འཚོ་གནས་ཀྱི་ཁོར་ཡུག་དང་འཕེལ་རྒྱས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ་བཅས་བྱས་ཚེ། གཞི་ནས་མི་སེར་རྣམས་བདེ་སྡོད་ལས་བརྩོན་ཐུབ་པ་དང་། གཞི་ནས་གནས་སྤོས་ལས་དོན་བརྟན་པོ་སྤེལ་ཐུབ།

    དེ་ཡང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྒྱུ་ནི་མང་ཚོགས་སྟབས་བདེའི་ངང་སྤོ་སྒྱུར་བྱས་པ་མིན་པར་དེ་ནི་གྲོང་ཚོ་ཚན་པར་བྱས་པའི“སྤྱི་ཚོགས་ཆུང་གྲས”ཤིག་ཡིན་པ་དང་། དེ་སྤྱི་ཚོགས་དང་། སེམས་ཁམས་སོགས་ཕྱོགས་མང་པོའི་གནད་དོན་དང་འབྲེལ་བ་ཡོད། དཔེར་ན། གནས་སྤོས་མང་ཚོགས་ཁོར་ཡུག་གསར་པར་འཕྲོད་མིན་གྱི་གནད་དོན་དང་། ཐོན་སྐྱེད་བྱེད་སྟངས་བསྒྱུར་བའི་གནད་དོན་དང་དེ་བཞིན་སེམས་ཁམས་འཕྲོད་མིན་གྱི་གནད་དོན་སོགས་མང་པོ་ཡོད། གནད་དོན་དེ་དག་སྐབས་རེ་ཞིབ་ཕྲའི་ལས་དོན་ནང་དེ་བས་མངོན་གསལ་དོད་དུ་འགྲོ་གི་ཡོད། ལྷུ་ཚིགས་གང་ཞིག་ཏུ་གནད་དོན་ཐོན་རུང་། ཚང་མར་མཐོང་ཆེན་གྱིས་མ་བྱུང་སྔོན་འགོག་དང་། སྔ་ཙམ་ཇུས་འགོད། ལས་དོན་མཐར་ཕྱིན་སྒྲུབ་པ་བཅས་བྱེད་དགོས། 

    དེ་དང་ཆབས་ཅིག གནས་སྤོས་ཐུབ་ལ་སེམས་རྣལ་དུ་ཕབ་པ་དེ་བས་བྱེད་དགོས། གནས་སྤོས་བྱ་རྒྱུ་ནི་བྱ་ཐབས་ཤིག་ཡིན་པ་མ་ཟད། དབུལ་སྒྲོལ་ཐུབ་པར་བྱ་རྒྱུ་ནི་དམིགས་ཡུལ་ཡིན། “མི་དམངས་བདེ་སྡོད་ཐུབ་པར་ཁོང་ཚོའི་བདེ་སྡུག་ལ་བསམ་བློ་གཏོང་དགོས”ཞེས་པ་ལྟར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་དོན་རྒྱུན་མཐུད་སྤེལ་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།