[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བོད་ཀྱི་ཆོས་ལུགས་དང་རིག་གནས་དར་རྒྱས་ལ་དཔྱིད་དཔལ་གསར་པ་བཞད་པ།

  • ཡོང་ཁུངས།   བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

    ཀྲུང་གོ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ཆོས་ལུགས་རིག་གནས་སྲུང་སྐྱོང་དང་།   རྒྱུན་འཛིན།  འཕེལ་རྒྱས་བཅས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད།  ཉེ་ཆར་ཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ཚོགས་པའི་ཚོགས་འདུ་ཐེངས་སོ་བདུན་པའི་ཐོག་ཀྲུང་གོ་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཚོགས་པའི་ལས་འཛིན་པ་དང་།   ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དེང་རབས་ལོ་རྒྱུས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་བཀྲ་ནོར་གྱིས་གཏམ་བཤད་སྤེལ་ཏེ།   བོད་ཀྱི་རིག་གནས་སྤྱི་དང་ཆོས་ཕྱོགས་རིག་གཞུང་ཐད་མིག་མཐོང་ལག་ཟིན་ཐུབ་པའི་དོན་དངོས་འབོར་ཆེན་དྲངས་པ་ནི་དངོས་བདེན་ཡིན་པ་དང་།  ཉི་ཤར་སྦར་མོས་མི་ཁེབས་པའི་དོན་དངོས་ཐོག་ནས་ཚོགས་འདུར་ཞུགས་མཁན་རྒྱལ་ཁབ་ཁག་གི་འབྲེལ་ཡོད་མི་སྣའི་དོགས་གནད་གཙང་སེལ་བྱུང་ཡོད་པ་རེད།

    གཅིག    བོད་སྐད་ཡིག་བེད་སྤྱོད་དང་།  རྒྱུན་འཛིན། ཁྱབ་གདལ་བཅས་བྱུང་བའི་དོན་དངོས།

    ཀྲུང་གོ་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ས་ཁུལ་དུ་མི་རིགས་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་གང་ལེགས་བཏང་སྟེ།   སྤྱི་དམངས་ཀྱི་ཁེ་དབང་གང་ལེགས་སྤྱོད་རྒྱུར་འགན་སྲུང་བྱེད་ཕྱིར།   རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ནང་དེའི་སྐོར་གྱི་ནང་དོན་གསལ་པོར་བཀོད་ཡོད་ལ།   ཏང་ཨུད་དང་སྲིད་གཞུང་རིམ་པ་ཁག་དང་འབྲེལ་ཡོད་ཚན་པས་ཀྱང་རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་ནན་ཏན་བྱས་ཡོད་ཅིང་།  བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་པའི་ཐད་ཞིབ་ཕྲའི་གཏན་འབེབས་བཟོས་པ་མ་ཟད།   ལག་བསྟར་བྱེད་པའི་ནང་ལྟ་བསྡུར་ནན་པོ་བྱས་ཡོད་པས།    བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་གྲུབ་འབྲས་དེ་ལོ་རྒྱུས་ཀྱི་ཆུ་ཚད་གསར་པར་སླེབས་ཡོད།    དེའང་བོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནང་བོད་རྒྱ་སྐད་ཡིག་གཉིས་སློབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བོད་རིགས་སློབ་མའི་བོད་རྒྱ་སྐད་ཡིག་གི་ཆུ་ཚད་དོ་སྙོམས་བྱུང་ཡོད་པ་དང་།    དེ་དང་ཕྱོགས་མཚུངས་ས་གནས་དང་། གྲོང་ཁྱེར།   རྫོང་།  ཤང་བཅས་རིམ་པ་ཁག་ཏུ་འབྲེལ་ཡོད་ཡིག་ཆ་ཁག་བོད་སྐད་ཡིག་གི་ཐོག་ནས་འགྲེམས་སྤེལ་བྱས་ཏེ་ཞིང་འབྲོག་མང་ཚོགས་ལ་སྟབས་བདེ་གང་ལེགས་དང་ཁོང་ཚོས་རང་གི་སྐད་ཡིག་ལས་འབྲེལ་ཡོད་སྲིད་ཇུས་དང་ཤེས་བྱ་ཁོང་དུ་ཆུད་རྒྱུར་གོམས་སྟབས་གསར་པ་ཞིག་སྤོ་ཐུབ་ཡོད་པ།   དེ་བཞིན་མིག་སྔའི་ལོ་ཤས་ནང་ཚགས་པར་དང་།   བརྙན་འཕྲིན།   རླུང་འཕྲིན་སོགས་སྨྱན་སྦྱོར་དྲིལ་བསྒྲགས་ཚན་པས་བོད་ཡིག་བེད་སྤྱོད་གཏོང་རྒྱུ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་འབད་བརྩོན་ཤུགས་ཆེན་བྱས་ཡོད་པ་དང་ད་དུང་བོད་ཀྱི་རྩོམ་རིག་དང་།བོད་རིག་པ་ཞིབ་འཇུག  དམངས་སྲོལ།  ལོ་རྒྱུས་ལ་སོགས་རིག་གནས་སྣ་མང་གི་དུས་དེབ་བཅུ་ཕྲག་ལྷག་ཙམ་ཡོད་པ་དེ་དག་སྔར་བས་འཐུས་སྒོ་ཇེ་ཚང་དང་།   སྤུས་ཚད་ཇེ་ལེགས་སུ་བཏང་བ།   དེ་བས་ཀྱང་འཛམ་གླིང་མཚན་སྙན་གྱི་བ་དན་གཡོ་བའི་བརྗོད་དོན་སྙན་རྩོམ་རིང་མོ་གླིང་སྒྲུང་དེབ་བཞི་བཅུ་ལྷག་ཙམ་དཔར་བསྐྲུན་ལེགས་སྒྲིག་བྱས་པས། རྒྱ་ཆེའི་བོད་རིགས་ཀློག་པ་པོའི་བཅོས་མིན་གྱི་དགའ་བསུ་དང་ཚད་མཐོའི་གདེང་འཇོག་ཐོབ་ཡོད།    ལྷག་པར་དུ་རིམ་ཁག་སྲིད་གཞུང་གིས་ཀྱང་དེའི་ཐད་མ་དངུལ་གྱི་མཐུན་རྐྱེན་གང་ལེགས་བསྐྲུན་ཡོད་པས་རིག་གནས་བྱ་གཞག་དེ་རིགས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བར་མ་དངུལ་གྱི་འགན་ལེན་གང་ཐུབ་བྱས་ཡོད།དེ་མིན་ད་ཆ་བོད་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཉིན་བཞིན་གོང་མཐོར་སོང་སྟེ་མི་ཚང་མར་བོད་ཡིག་གི་ལག་ཐོག་ཁ་པར་འཁྱེར་རྒྱུ་ཡོད་པ་དང་། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་དང་བོད་ལྗོངས་འཕྲིན་དྲ་སོགས་དྲ་ཚུགས་ཀྱིས་བོད་ཡིག་བེད་སྤྱོད་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་དང་དོན་འཁྱོལ་ཏན་ཏིག་བྱས་པར་བརྟེན།བོད་ཀྱི་ཞིང་འབྲོག་མང་ཚོགས་ཁྲི་ཚོ་སུམ་བརྒྱས་ལག་ཐོག་ཁ་པར་ཐོག་ནས་ཆ་འཕྲིན་སྣ་ཚོགས་གཏོང་སྤེལ་དང་ལྟ་ཀློག་བྱེད་པ་དེ་དུས་རབས་གོང་དུ་འཕེལ་བའི་ཐད་བོད་སྐད་ཡིག་གི་ལོངས་སྤྱོད་གསར་པར་གྱུར་ཡོད་པ་ནི་མིག་ལྡན་ཀུན་གྱི་བསྔགས་བརྗོད་བྱེད་གཞིར་གྱུར་ཡོད་པ་རེད།

    གཉིས།   བོད་ཀྱི་ཆོས་ཕྱོགས་རིག་གཞུང་དར་རྒྱས་གོང་འཕེལ་བཏང་བར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་པ།

    ནང་བསྟན་ཆོས་ལུགས་ནི་ཆོས་ལུགས་ཁོ་ན་ཙམ་མིན་པར་བོད་ཀྱི་རིག་གནས་རྒྱུན་འཛིན་བྱེད་པའི་ཞིང་ས་ལྟ་བུ་ཡིན་པས།   ཀྲུང་གོ་སྲིད་གཞུང་ནས་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཁག་སྔར་ལས་ལྷག་པའི་སྒོ་ནས་དོན་འཁྱོལ་གཏིང་ཟབ་བྱས་ཤིང་།སྔ་ཕྱི་བར་གསུམ་དུ་བོད་ཀྱི་ཆོས་ལུགས་རིག་གནས་སྲུང་སྐྱོབ་འཕེལ་རྒྱས་ལ་གཙིགས་ཆེན་གང་ལེགས་གནང་ནས། བོད་ཀྱི་ཆོས་ལུགས་ཀྱི་དཔེ་དེབ་མང་པོ་དཔེ་སྐྲུན་བྱེད་པར་ཤུགས་སྣོན་བརྒྱབ་ཡོད་པ་སྟེ།  དེའང་ལོ་ངོ་སུམ་བཅུ་ལྷག་ཙམ་གྱི་རིང་བོད་བརྒྱུད་ནང་བསྟན་གྱི་དུས་དེབ་འདོན་རྒྱུ་རྒྱུན་འཁྱོངས་བྱས་ཡོད་པ་དང་། དགོན་སྡེ་ཁག་གཅིག་གིས་བོད་ཀྱི་རིག་གཞུང་དཔེ་ཚོགས་དཔར་སྐྲུན་འགྲེམས་སྤེལ་བྱེད་པར་ཁྲིད་སྟོན། དེ་བཞིན་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་དུ་གྱུར་བས་གྲུབ་མཐའ་ཁག་གི་དཔེ་ཚོགས་སྣ་ཚོགས་བསྡུ་སྒྲིག་དང་། དཔར་སྐྲུན་བྱེད་པར་ཤུགས་སྣོན་བརྒྱབ་ཡོད་ལ།ལྷག་པར་དུ་མདོ་དབུས་ཁམས་གསུམ་གྱི་མཁས་དབང་བརྒྱ་ཕྲག་སྒྲིག་འཛུགས་བྱས་ཏེ་ལོ་ངོ་ཉི་ཤུ་ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད།པར་གཞི་འདྲ་མིན་སྣ་ཚོགས་ཀྱི་བཀའ་འགྱུར་བསྟན་འགྱུར་གྱི་དཔེ་ཆ་དཔར་སྐྲུན་ལེགས་སྒྲུབ་བྱས་ཡོད་པ་རེད།  

    གཞན་ཡང་།  བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བོད་ལྗོངས་ནང་བསྟན་སློབ་གླིང་གྲ་རྒྱས་གོང་འཕེལ་གཏོང་རྒྱུར་མཐོང་ཆེན་གནང་སྟེ།   འཐུས་སྒོ་ཚང་བའི་སློབ་གཉེར་གྱི་མ་ལག་བསྐྲུན་པ་དང་ཕྱོགས་མཚུངས་ས་དགེ་རྙིང་སོགས་གྲུབ་མཐའ་བཞི་དང་།   དེའི་ཐོག་གཡུང་དྲུང་བོན་གྱི་གྲུབ་མཐའ་བསྣན་པའི་གྲུབ་མཐའ་རིགས་ལྔའི་དགེ་བའི་བཤེས་གཉེན་དང་།  སློབ་མ་ཚུད་པའི་སློབ་གཉེར་མཁན་གྱི་དཔུང་ཁག་ཡོད་པ་བྱས་པ་མ་ཟད།  ད་དུང་སེ་ར་དང་འབྲས་སྤུངས་སོགས་དགོན་སྡེ་ཁག་གཅིག་ཏུའང་ནང་བསྟན་སློབ་གླིང་གི་ཡན་ལག་བཙུགས་ཏེ།  བོད་ཀྱི་རིག་གནས་བཅུ་སློབ་གཉེར་ལེགས་པོ་བྱེད་ཀྱི་ཡོད་སྟབས།  དགོན་སྡེ་ཁག་ནས་མཁྱེན་དཔྱོད་ལྡན་པའི་གྲྭ་བཙུན་མང་པོ་ཞིག་ཐོན་བཞིན་ཡོད་པ་རེད།

    མདོར་ན།  བོད་འདི་ཉིད་དེང་རབས་ཅན་གྱི་ཕྱོགས་སུ་མདུན་སྐྱོད་བྱས་པའི་ལམ་བུའི་ཐོག་ལོ་རྒྱུས་ཡུན་རིང་ལྡན་ཞིང་འོད་སྟོང་རབ་ཏུ་འབར་བའི་བོད་ཀྱི་རིག་གནས་སྤྱི་སྔར་བས་གསོན་ཤུགས་ལྡན་པ་གྱུར་ཡོད་ཅིང་།  ཁྱད་པར་བོད་སྐད་ཡིག་དེ་བེད་སྤྱོད་དང་།  རྒྱུན་འཛིན།  འཕེལ་རྒྱས་བཅས་ཀྱི་ཐད་མི་རྣམས་དགའ་བ་སྐྱེ་འོས་པའི་དཔྱིད་དཔལ་གསར་པ་བཞད་བཞིན་ཡོད་པ་རེད།(བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་།པད་མ་དོན་ལྡན)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།