[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དུས་བདེའི་བོད་ལྗོངས་མཉམ་དུ་སྐྲུན། ཡུན་རིང་བདེ་འཁོད་ཡོང་བར་འབད།

    —— རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལ་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་སྤྱི་ཚོགས་བཅོས་སྐྱོང་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-11

    “མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་ཞིག་བཏོད”དེ“དུས་བདེའི་ཀྲུང་གོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས” སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དང་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལས་དོན་བཀོད་སྒྲིག་གནང་བས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལ་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་དོན་དེར་དོ་ཁུར་དང་གྲོས་བསྡུར་འཁྲུག་པོ་ཞིག་གནང་བ་རེད།

    འཐུས་མི་དང་ཨུ་ཡོན་ཚོས་བོད་ཀྱི་བརྟན་ལྷིང་ནི་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འབྲེལ་བ་ཡོད་པ་དང་། བོད་ཀྱི་བདེ་འཇགས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་ཅེས་གསུངས།

    དུས་རབས་གསར་པར་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་བྱེད་སྟངས་གསར་པ་གཏོད་དགོས།

    བོད་ཀྱི་འཐུས་མི་ཚོགས་པའི་འཐུས་མི་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་ཅིང་ཧན་ཁྲའོ་ཡིས་གྲོས་ཞིབ་ནང་ཞུགས་སྐབས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ། བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་འཐབ་རྩོད་བྱེད་པ། དགོན་སྡེ་དོ་དམ་དང་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་པས་སྤྱི་ཚོགས་ཧྲིལ་པོ་བརྟན་ལྷིང་སྲུང་སྐྱོང་ནུས་ལྡན་བྱུང་སྟེ་སྤྱི་ཚོགས་བརྟན་ལྷིང་ནས་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཐེབས་ནས་མེས་རྒྱལ་གོང་བུ་གཅིག་གྱུར་དང་། རྒྱལ་ཁབ་བདེ་འཇགས། མི་རིགས་མཐུན་སྒྲིལ་བཅས་སྲུང་སྐྱོང་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅེས་གསུངས་པ་དང་། ཁོང་གིས་དུས་རབས་གསར་པར“ཧྥེང་ཆའོ་ཡུལ་གྱི་ཉམས་མྱོང”ལ་སློབ་སྦྱོང་བྱས་ནས་གཞི་རིམ་གྱི་འགལ་བ་དང་རྩོད་གཞི་གྲལ་བཤེར་དང་མེད་པ་བཟོ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལས་ཀའི་གཙོ་གནད་གཤམ་འོག་ལ་ཕྱོགས་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ་ཁྲིམས་རྩོད་པ་དང་ཁྲིམས་སྐྱོང་གི་བྱང་ཚད་དང་བཅའ་ཁྲིམས་ལས་ཀའི་ཉམས་མྱོང་ལྡན་པའི་ལས་བྱེད་པ་སྡེ་ཁུལ་དང་། གྲོང་ཚོ། གྲོང་རྡལ་སོགས་གཞི་རིམ་གྱི་འཐབ་ས་དང་པོར་བཅའ་སྡོད་ལ་མངགས་ནས་གནད་དོན་ཐོན་མ་ཐག་ཐག་གཅོད་ཡང་དག་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།

    ས་མཐོའི་གང་སར་མཐུན་སྒྲིལ་མེ་ཏོག་བཞད།

    རྒྱལ་ཡོངས་མི་དམངས་འཐུས་ཚོཌ་ཀྱི་འཐུས་མི། མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སྲིད་འཛིན་ཀུང་ཧྲུའི་ཀྲོན་ཡོན་བཅས་ཡིན་པའི་ཕུན་ཚོགས་ཀྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། “རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས”ཞེས་བཏོན་ཡོད། མངའ་རིས་ས་ཁུལ་ནི་མཐའ་མཚམས་ས་ཁུལ་ཞིག་ཡིན་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་པ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ནས་དམག་དམངས་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བ་དང་། དམག་དམངས་མཐུན་སྒྲིལ་ཡོང་བ། མཐའ་མཚམས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་བའི་སྒོ་ནས་མི་ཚང་མ་སོ་ལྟ་བྱེད་མཁན་དང་། ཁྱིམ་ཚང་ཚང་མ་སོ་ལྟ་ཁང་། ཐོན་སྐྱེད་ནི་ལས་འགན་སྒྲུབ་པ། ཕྱུགས་འཚོ་བ་ནི་སྐོར་གཡེང་བྱེད་པ། གྲོང་ཚོ་ཚང་མ་ནི་མཁར་རྫོང་ཡིན་པ། གང་སར་དོགས་ཟོན་བྱེད་པ་བཅས་མང་ཚོགས་ཀྱིས་མཉམ་འགོག་མཉམ་བཅོས་བྱེད་པའི་ཕུགས་ཕན་ལམ་སྲོལ་ཞིག་བཙུགས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་ཡག་པོ་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་དགོས་ཞེས་གསུངས།

    རང་འགུལ་ངང་ཞི་མཐུན་བརྟན་ལྷིང་གི་དུས་བབ་སྲུང་དགོས།

    “ད་ཆ་རང་ལྗོངས་སུ་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོད”ཅེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་བློ་གྲོས་རྒྱ་མཚོས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་གསུངས། ཁོང་གིས་འདི་དག་ཚང་མ་ནི་ཉེ་དུས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དགོན་སྡེ་དོ་དམ་ལ་ཤུཌ་སྣོན་དང་གསར་གཏོད་བྱས་ནས་དགོན་སྡེ་དང་གྲྭ་བཙུན་ལ་ཕན་པའི་སྲིད་ཇུས་རབ་དང་རིམ་པ་བཏོན་པས་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་བ་མ་ཟད། དགོན་སྡེའི་རིག་དངོས་སྲུང་སྐྱོང་དང་རྒྱུན་འཛིན་ཐུབ་ལ་གྲྭ་བཙུན་གྱི་གནས་མལ་དང་། འགྲོ་སྐྱོད། རྒན་གསོ་སོགས་གང་ཅིར་སྲིད་ཇུས་ནས་འགན་ལེན་ཐུབ་ཡོད། ཞི་མཐུན་གྱི་དཔེ་མཚོན་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་གྲྭ་བཙུན་ལ་གཟི་བརྗིད་མཚན་སྙན་སྤྲད་ནས་གྲྭ་བཙུན་རྣམས་ལ་བསམ་པའི་སྐུལ་ལྕག་བྱས་ཡོད་ཅེས་གསུངས།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འབྲི་རུ་རྫོང་ཆགས་རྩེ་ཤང་ནགས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བུད་མེད་འཐུས་ཚོགས་ཀྱི་ཀྲུའུ་རེན་ཚེ་རིང་མཚོ་ལྡན་གྱིས་ཁྲིམས་འགལ་གྱི་རྩ་འཛུགས་ལ་རྡུང་རྡེག་བཏང་བར་བརྟེན་འབྲི་རུ་རྫོང་གི“ཟང་ཟིང”“བཅོས་སྐྱོང”ཐུབ་སྟེ་སྤྱི་ཚོགས་ཧྲིལ་པོ་སྔར་བས་བརྟན་ལྷིང་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་བས་ཡག་པ། གཞི་རིམ་གྱི་རྨང་གཞི་སྔར་བས་བརྟན་པ། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་སྔར་བས་ཟབ་པ་བཅས་བྱུང་ཡོད། ཚང་མས“མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་། ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ”ཡིན་པའི་གནས་ལུགས་ལ་ངོས་འཛིན་ཟབ་མོ་བྱུང་ནས་ད་ཆའི་ཞི་མཐུན་བརྟན་ལྷིང་གི་དུས་བབ་བཟང་པོར་རང་འགུལ་ངང་གཅེས་སྤྲས་དང་སྲུང་སྐྱོང་བྱེད་བཞིན་ཡོད་ཅེས་གསུངས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།