[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བོད་ཀྱི་ལས་དོན་ལེགས་པར་སྒྲུབ་པའི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན།

    “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་འཐབ་ཇུས་ ལག་ལེན་བསྟར་བའི་སྐོར་གྱི་གླེང་ཐེངས་དང་པོ།

  • ཡོང་ཁུངས།      |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་​ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2018-02-13

    ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་དུས་སྐབས་སུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་གནང་བའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ནན་ཏན་བླངས་ཏེ་དུས་དཔགས་བབ་བསྟུན་གྱིས་ལྗོངས་ཡོངས་སུ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་འཐབ་ཇུས་ལག་ལེན་བསྟར་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བྱས་ཡོད། འཐབ་ཇུས་འདི་ལག་ལེན་བསྟར་བ་ནི་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། ཁ་ཕྲལ་ལ་ངོ་རྒོལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད། ཏང་གི་སྲིད་འཛིན་གནས་བབ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲ་བརྟན་དུ་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ཚེ་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད།

    ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་ནས་ཡུན་རིང་མ་སོང་བར། སྤྱི་ཁྱབ་ཧྲུའུ་ཅིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་མཛད་བྲེལ་ཆེ་བའི་གནས་ཚུལ་འོག་རང་ཉིད་སྐུ་ངོ་མས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་པ་སྒྲོལ་དཀར་དང་དབྱངས་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་གནང་ཡོད། འདི་ནི་རྒྱ་ཆེའི་མཐའ་མཚམས་མི་སེར་ཚོས་དུས་ཡུན་རིང་པོའི་ནང་མེས་རྒྱལ་ལ་དགའ་ཞེན་དང་། ཁྱིམ་སྲུང་རྒྱལ་སྐྱོབ། རང་བྱུང་ཆ་རྐྱེན་ཞན་པོར་མི་སྐྲག་པ། རི་སྐོར་མཐའ་སྲུང་གི་འགན་འཁྲི་ཡག་པོ་འཁུར་བ་བཅས་བྱས་ནས་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་བ་དང་ས་སྲུང་མཐའ་བརྟན་ཡོང་བར་བྱས་པའི་བླ་ན་མེད་པའི་སྙིང་སྟོབས་ལ་ཁས་ལེན་གང་ལེགས་གནང་བ་ཞིག་རེད་ལ་བོད་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲི་300ལྷག་ཙམ་གྱིས་འགན་འཁྲི་བློ་ལ་བརྟན་པོར་བཅངས་པ་དང་། ལྷག་བསམ་རྣམ་དག་ངང་འགན་འཁྲི་བསྒྲུབས་པ། དཀའ་སྤྱད་འབད་འཐབ་བྱས་པ། འགན་འཁྲི་འཁུར་ཕོད་པ། མཐའ་མཚམས་སུ་རྩ་བ་ཚུགས་པ། མཐའ་མཚམས་ལ་ལེགས་སྐྱེས་ཕུལ་བ་བཅས་ལ་ཚད་མཐོའི་ཁས་ལེན་གནང་བ་ཞིག་དང་བོད་ཀྱི་ལས་དོན་ལ་སྐུལ་ལྕག་དང་བསྔགས་སྐུལ་གནང་བ་ཞིག་དེ་བས་རེད།

    ང་ཚོས་ངེས་པར་དུ་བློ་རྩེ་གཅིག་སྒྲིམ་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་བླངས་ནས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་འཐབ་ཇུས་སྤྱི་ཁྱབ་ཧྲུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་དང་མཉམ་དུ་བོད་ཀྱི་ལས་དོན་མཐའ་དག་གི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བརྩིས་ཏེ་སྔ་བར་ཕྱི་གསུམ་དུ་བོད་ཀྱི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས།

    “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་འཐབ་ཇུས་ལག་ལེན་བསྟར་རྒྱུ་ནི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་དུས་རབས་གསར་པར་བོད་ལྗོངས་ཀྱི་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་སྤྱི་ཡོངས་ཁྲོད་བོད་ཀྱི་ལས་དོན་ལ་དམིགས་བསལ་གྱི་གནས་བབ་ལྡན་ཡོད་པས་ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟནལྷིང་ཡོང་བར་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་གཏན་འཁེལ་གནང་ནས་བོད་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེན་བཏོན་ཡོད་ལ“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་ཡང་གནང་ཡོད། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་གྱི་ནང་དོན་གལ་ཆེན་ཞིག་དང་། ཏང་གི་བོད་སྐྱོང་མཛད་ཇུས་ཕུན་སུམ་ཚོགས་སུ་དང་གོང་འཕེལ་བཏང་བ་ཞིག སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་སྤྲད་པའི་བླ་ན་མེད་ལ་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་ལས་འགན་ཞིག་རེད། ལྗོངས་ཡོངས་ཀྱིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་འཐབ་ཇུས་ལག་ལེན་བསྟར་བར་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་གཞིར་བཟུང་བོད་ཀྱི་ལས་དོན་ལེགས་པར་བསྒྲུབས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་གངས་ལྗོངས་ས་མཐོར་ཆད་ལུས་མེད་པར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས།

    “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་འཐབ་ཇུས་ལག་ལེན་བསྟར་བ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པས་ཕྱོགས་གཅིག་ནས་རང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་རེ་བཞིན་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བར་གྱུར་པ་དང་། ཕྱོགས་གཞན་ཞིག་ནས་མི་རིགས་ཁག་གི་མི་དམངས་དང་ཏཱ་ལའི་རུ་ཚོགས་ཀྱིས་གཙོས་པའི་ཁ་ཕྲལ་ཕྱོགས་གཏོགས་དབར་གྱི་དམིགས་བསལ་གྱི་འགལ་བར་འགྱུར་ལྡོག་བྱུང་མེད་པས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་བརྟན་ལྷིང་སྲུང་སྐྱོང་གི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད། ལྗོངས་ཡོངས་སུ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་འཐབ་ཇུས་ལག་ལེན་བསྟར་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་རང་ལྗོངས་ཀྱི་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་བྱེད་པ་དང་། རང་ལྗོངས་ཀྱི་ཐོབ་པར་དཀའ་བའི་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་སྲ་བརྟན་དང་གོང་འཕེལ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཏང་གིས་བོད་དུ་སྲིད་སྐྱོང་བའི་སྲིད་འཛིན་གྱི་རྨང་གཞི་བརྟན་དུ་གཏོང་དགོས།

    ཡིད་ཆེས་ལྡན་ཚེ་སྟོབས་ཤུགས་འཕེལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་ཡིན་པ། ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་པ། མི་དམངས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་མངོན་གསལ་དོད་པོ་ཕྱིན་པ། ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་པ། “བརྟན་ལྷིང་ཐད་རང་འགུལ་དུ་འགྱུར་བའི”འདུ་ཤེས་ཟབ་ཏུ་ཕྱིན་ཡོད། འདི་དག་ཚང་མས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་འཐབ་ཇུས་ལག་ལེན་བསྟར་ཆེད་དངོས་པོའི་རྨང་གཞི་དང་། སྤྱི་ཚོགས་ཀྱི་རྨང་གཞི། མང་ཚོགས་ཀྱི་རྨང་གཞི། ཆབ་སྲིད་ཀྱི་འགན་ལེན་བཅས་བརྟན་པོ་བྱས་ཡོད། ངོས་འཛིན་དང་བྱ་སྤྱོད་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བར་བྱས་ནས་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཞུམ་མེད་མདུན་སྐྱོད་བྱས་ཚེ་ང་ཚོས་བོད་ལྗོངས་གོང་འཕེལ་མྱུར་པོ་གཏོང་བ་དང་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བའི་བྱ་སྤྱོད་དངོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་ཟབ་མོར་དྲིན་ལན་འཇལ་བའི་འགན་ལེན་ཐུབ་ངེས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།