[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ནུས་ཤུགས་ཡོད་རྒུས“ནུས་རྒྱུ་གཙང་མའི་དཔེ་སྟོན་གྲོང་ཁྱེར”གཏོད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཀྲང་པིང་།    |    སྤེལ་དུས།   2018-01-10

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་བྱུང་ཡོད་པ་རེད། ལྷག་པར་དུ་འོད་ཤུགས་ཐོན་ལས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་སྟབས་སྲིད་གཞུང་དང་ཁེ་ལས་གཅིག་རྗེས་གཉིས་མཐུད་ངང་དེའི་ནང་ཞུགས་པ་དང་རྣམ་གྲངས་བརྩོན་ལེན་ཧུར་ཐག་བྱེད་བཞིན་ཡོད་པས་མདུན་ལམ་འོད་སྟོང་འཕྲོ་བ་ཞིག་ཡོད།

    ཡིན་ནའང་གློག་དྲའི་བསྡུ་ཉར་གཙང་སེལ་ནུས་པ་ཞན་པ་དང་འབྲེལ་ཡོད་སྲིད་ཇུས་ཀྱིས་དྲ་ཞུགས་འོད་ཤུགས་གློག་འདོན་ས་ཚིགས་ཀྱི་རྣམ་གྲངས་ལ་ཚོད་འཛིན་ནན་པོ་ཕོག་པའི་རྐྱེན་གྱིས་ཉི་ནུས་གློག་འདོན་དྲ་སྦྲེལ་གྱི་རྣམ་གྲངས་ཆེན་པོ་ཁག་གཅིག་ལག་བསྟར་བྱེད་ཐབས་བྲལ་བར་གྱུར། གཞན་ཡང་མ་དངུལ་བསྡུ་སྒྲིལ་དཀའ་བ་དང་། དངུལ་བུན་གཡར་དཀའ་བ། ནུས་པ་ཐོན་འགོར་བ། ཕན་ནུས་ཐོབ་དཀའ་བ་བཅས་སྲིད་གཞུང་དང་ཁེ་ལས་ཀྱི་མདུན་དུ་འཕྲད་པའི་འཕེལ་རྒྱས་ཀྱི་འཇུར་མིག་གནད་དོན་མང་པོ་ཞིག་ཡོད།

    སྨྱུག་འཛིན་པས་ངོས་འཛིན་བྱས་དོན། དང་ཐོག་གློག་དྲའི་རྨང་གཞིའི་སྒྲིག་བཀོད་སྐྲུན་མགྱོགས་སུ་གཏོང་དགོས། གློག་དྲ་འཛུགས་སྐྲུན་གྱི་དུས་འགོའི་ལས་ཀ་གང་མགྱོགས་བྱས་ནས་རྒྱལ་ཁབ་ཀྱི་མ་འཇོག་གང་མགྱོགས་དོན་འཁྱོལ་ཡོང་བའི་བརྩོན་ལེན་ཧུར་ཐག་བྱས་ཏེ་གློག་དྲའི་དྲ་སྒྲོམ་འཐུས་སྒོ་ཚང་དུ་གཏོང་དགོས། ལྷག་པར་དུ་རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲའི་རིམ་སྤོར་སྒྱུར་བཅོས་རྣམ་གྲངས་དང་མཐའ་སྲུང་དཔུང་སྡེའི་གློག་དྲ་ཆེན་པོ་ཤར་གཏོང་གི་རྣམ་གྲངས་ལག་བསྟར་གང་མགྱོགས་བྱས་ཏེ་གྲོང་ཁྱེར་གྱི་གློག་དྲ་གྲོང་གསེབ་དུ་གང་མགྱོགས་ཁྱབ་པའི་བརྩོན་ལེན་བྱས་ནས་མང་ཚོགས་དང་། བཅའ་སྡོད་དམག་དཔུང་། མཐའ་སྲུང་དཔུང་སྡེ་བཅས་ཀྱི་གློག་སྤྱོད་དཀའ་གནད་སེལ་དགོས་པ་དང་།

    དེ་ནས་ཚོང་འགུགས་མ་འདྲེན་བྱ་ཐབས་ལ་འགྱུར་ལྡོག་གཏོང་དགོས། རྫོང་དང་ཆུས་ཁག་གིས་ཚོང་འགུགས་མ་འདྲེན་བྱ་ཐབས་ལ་འགྱུར་ལྡོག་གཏོང་རྒྱུར་སྣེ་ཁྲིད་བྱེད་དགོས་པ་དང་། ལྷག་པར་དུ་འོད་ཤུགས་ཐོན་ལས་དེ་སྟབས་བདེའི་ས་ཞིང་བརྒྱུད་བཤུག་དང་བོགས་གཏོང་གི་བྱ་ཐབས་ཐོག་ནས་ད་ཡོད་ཀྱི་ཐོན་ཁུངས་ཕྱིར་ཚོང་བྱེད་མི་རུང་། ཕུགས་ལ་དམིགས་ནས་ས་ཞིང་མ་རྐང་འཇོག་པ་དང་ཁེ་སྤོགས་བགོ་བ་དང་མ་རྩ་མཉམ་འཇོག་གིས་གཉེར་སྐྱོང་བྱེད་པའི་བྱ་ཐབས་སྤྱད་ནས་མ་དངུལ་དང་། ལག་རྩལ། དོ་དམ་བཅས་ནང་འདྲེན་བྱས་ཏེ་རྣམ་གྲངས་ལས་མང་ཚོགས་ལ་ཡུན་རིང་ཕན་པ་ཐོབ་པའི་འགན་ལེན་བྱེད་དགོས།

    མཇུག་ཏུ་ནུས་རྒྱུ་གསར་པའི་སྒྲིག་བཀོད་སྒྲིག་ཆས་ནང་འདྲེན་ཧུར་ཐག་བྱེད་དགོས། ལྗང་མདོག་འགྲིམ་འགྲུལ་རྣམ་གྲངས་སྒྲིག་འཛུགས་དང་ལག་བསྟར་གང་མགྱོགས་བྱས་ཏེ་ནུས་རྒྱུ་གསར་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ནུས་རྒྱུ་གསར་པའི་འགྲིམ་འགྲུལ་ཡོ་ཆས་དང་དེ་བཞིན་ཚོད་ལྟ་བྱེད་ཆོག་པའི་རང་བཞིན་གྱི་གློག་སྒུལ་བོགས་གཏོང་རླངས་འཁོར་དང་གློག་སྒུལ་སྤྱི་སྤྱོད་རླངས་འཁོར་ནང་འདྲེན་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།