[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གྲོང་གསེབ་ཀྱི་ལམ་དང་དམངས་སེམས་ཀྱི་ལམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-10

    ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཡག་པོ་བཞིའི་གྲོང་གསེབ་ཀྱི་གཞུང་ལམ”བསྐྲུན་རྒྱུའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པའི་མཐོ་ཚད་ནས་གྲོང་གསེབ་ཀྱི་གཞུང་ལམ་བསྐྲུན་རྒྱུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་སྔར་བས་ཟབ་ཏུ་བཏང་སྟེ་མངོན་གསལ་དོད་པའི་གནད་དོན་ལ་དམིགས་པ་དང་། སྲིད་ཇུས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་སྟེ། གཅིག་ནས་གྲོང་གསེབ་ཀྱི་གཞུང་ལམ་ཡག་པོ་བསྐྲུན་རྒྱུ་དང་གཉིས་ནས་དེ་བས་དོ་དམ་ཡག་པོ་དང་། བདག་སྐྱོང་ཡག་པོ། གཉེར་སྐྱོང་ཡག་པོ་བཅས་བྱས་ཏེ་རྒྱ་ཆེའི་ཞིང་པ་ཕྱུག་འགྱུར་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་མགྱོགས་མྱུར་སྐུལ་འདེད་གཏོང་ཆེད་འགན་ལེན་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

    གྲོང་གསེབ་ཀྱི་གཞུང་ལམ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལྷུ་ཚིགས་གལ་ཆེན་ཞིག་རེད། རང་རྒྱལ་གྱིས་གྲོང་གསེབ་ཀྱི་གཞུང་ལམ་འཕེལ་རྒྱས་གཏོང་བའི་རྩ་བའི་དམིགས་ཡུལ་ནི་ཞིང་པར་རོགས་རམ་བྱས་ཏེ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་དང་ཞིང་ལས་དེང་རབས་ཅན་མགྱོགས་མྱུར་མངོན་འགྱུར་བྱ་རྒྱུ་དེ་རེད།

    གྲོང་གསེབ་ཀྱི་ཟོག་འགྲེམས་ལས་རིགས་འཕེལ་རྒྱས་ཕྱིན་པར་བརྟེན། གྲོང་ཁྱེར་དང་གྲོང་གསེབ་དབར་མཉམ་སྒུལ་བྱེད་ཚད་རིམ་བཞིན་ཇེ་མང་དུ་ཕྱིན་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་ཡོད་པའི་རྐྱེན་གྱིས་ཞིང་ལས་འཕྲུལ་ཆས་དེ་བས་ལེགས་པའི་སྒོ་ནས་སྤྱོད་ཐུབ་པ་བྱུང་བ་མ་ཟད། ཞིང་ལས་ཐོན་སྐྱེད་ཀྱི་ལྷུ་ཚིགས་མང་པོ་དང་ཐོན་ལས་འཁོར་སྐྱོད་ཐུབ་པ་དང་འབྲེལ། གྲོང་གསེབ་དར་རྒྱས་འགྲོ་རྒྱུར་ཕྱོགས་ཡོངས་ནས་སྐུལ་མ་ཐེབས་ཡོད།

    གྲོང་གསེབ་ཀྱི་གཞུང་ལམ་ནི་དམངས་སེམས་ཀྱི་ལམ་ཞིག་ཡིན། གཞུང་ལམ་ཤར་གཏོང་ཐུབ་ན་བཟོ་ལས་ཐོན་རྫས་གྲོང་གསེབ་ཏུ་འདྲེན་རྒྱུ་དང་ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་དབོར་རྒྱུར་སྟབས་བདེ་ཡོང་བ་མ་ཟད། གྲོང་གསེབ་ཀྱི་མཛེས་ལྗོངས་གྲོང་ཁྱེར་གྱི་ཡུལ་སྐོར་བར་ངོ་སྤྲོད་ཀྱང་བྱེད་ཐུབ་པ་དཔེར་ན། གྲོང་གསེབ་ཏུ་ཡུལ་སྐོར་ལས་དོན་སྤེལ་ན་ཞིང་པར་འབབ་འཕར་ཡོང་ཐུབ། གྲོང་གསེབ་ཀྱི་གཞུང་ལམ་ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲུལ་པ་སྐྱེལ་འདྲེན་བྱས་ཏེ་རྒྱ་ཆེའི་ཞིང་པ་ཚོས་གྲོང་ཁྱེར་གྱི་ཤེས་དཔལ་མྱོང་ཚོར་ཐུབ་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་ཇི་ཙམ་རིང་ན། གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་བར་ཐག་དེ་ཙམ་གྱིས་ཐུང་དུ་འགྲོ་ཐུབ།

    རང་རྒྱལ་གྱི་གྲོང་གསེབ་གཞུང་ལམ་གྱི་ལམ་ཚད་ཀྱིས་རྒྱལ་ཡོངས་གཞུང་ལམ་གྱི་སྤྱིའི་ལམ་ཚད་ཀྱི་87%བཟུང་ཡོད་པ་དང་ནུས་པ་གཙོ་བོ་འདོན་མཁན་གྱི་རྒྱལ་ལམ་དང་ཞིང་ཆེན་ལམ་དང་བསྡུར་ན། གྲོང་གསེབ་གཞུང་ལམ་ནི་འཁོར་སྐྱོད་ཆུང་བའི་ནུས་པ་འདོན་མཁན་ཁྲག་རྩ་ཆུང་ཆུང་ལྟ་བུ་ཡིན། སྤྱི་ཕན་རང་བཞིན་གྱི་རྨང་གཞིའི་སྒྲིག་བཀོད་ཡིན་པའི་གྲོང་གསེབ་གཞུང་ལམ་གྱིས་དབུལ་སྐྱོར་ལས་དོན་ཁྲོད་དུ་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་ཐོན་གྱི་ཡོད།

    མིག་སྔར་འགྲིམ་འགྲུལ་གྱི་གནད་སྨིན་དབུལ་སྐྱོར་འགག་སྒྲོལ་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ས་ཁུལ་དབུལ་པོའི་ཕྱིར་ཕྱོགས་པའི་གཞུང་ལམ་ཨ་མ་བསྐྲུན་རྒྱུ་དང་ནང་ཁུལ་གྱི་འགྲོ་ལམ་སྦྲེལ་མཐུད་བྱེད་པ་དང་ཤང་གྲོང་དང་སྒྲིག་གཞི་ཚང་བའི་གྲོང་ཚོར་གཞུང་ལམ་མགྱོགས་མྱུར་བསྐྲུན་ཏེ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་འཕེལ་རྒྱས་རྣམ་པ་གསར་གཏོད་བྱེད་དགོས། དེ་དང་ཆབས་ཅིག་གྲོང་མི་རྣམས་ཀྱིས་འགྲོ་སོང་ཉུང་ཙམ་གཏོང་བ་དང་འགྲོ་སོང་གཏོང་མི་དགོས་པའི་དངོས་ཕན་གྱི་ལམ་མང་ཙམ་བསྐྲུན་ནས་གྲོང་གསེབ་ཀྱི་གཞུང་ལམ་དེ“མགྱོགས་པོ་སླེབས་ཐུབ་པ་དང་སྤུས་ཚད་ལེགས་པའི”གཞུང་ལམ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཉི་འོད་གཞུང་ལམ་དུ་འགྱུར་བ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།