[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སྤྱི་ཚོགས་འགན་སྲུང་ནི་དམངས་འཚོའི་གཞི་རྟེན་ཡིན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཝང་ཧྲན་གྱིས།    |    སྤེལ་དུས།   2017-12-06

    ལྷ་སར“རྒས་དུས་འཚོ་རྟེན་ཡོད་པ་དང་། ན་དུས་སྨན་བཅོས་ཐུབ་པ། ལས་ཀ་ཤོར་དུས་རོགས་སྐྱོར་ཐོབ་པ། ལས་རྨས་བྱུང་དུས་རྒུད་སྐྱོབ་ཡོད་པ། ཕྲུ་གུ་སྐྱེ་བར་ཁ་གསབ་ཡོད་པ”བཅས་ཀྱི་ལངས་གཟུགས་རྣམ་པའི་སྤྱི་ཚོགས་འགན་ལེན་དྲ་བ་ཞིག་བཙུགས་པ་ལས་མི་དམངས་ཚང་མར་སྤྱི་ཚོགས་འགན་སྲུང་ཡོད་པ་དེ་དོན་དངོས་ཤིག་ཏུ་གྱུར་ཡོད།

    ཉེ་བའི་ལོ་ཤས་རིང་། ལྷ་སའི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་སྟེ་སྤྱི་ཚོགས་འགན་སྲུང་ལམ་ལུགས་ཀྱི་སྒྲོམ་གཞི་རྩ་བའི་ཆ་ནས་ཆགས་པ་དང་། ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་སོང་བ། འགན་སྲུང་ཆུ་ཚད་སྔར་བས་མཐོ་རུ་སོང་བ། དོ་དམ་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་སོང་མོད། འོན་ཀྱང་ཐོན་ཁུངས་འབྱུང་ཡུལ་སྣ་ཅིག་ཅན་དང་འགན་སྲུང་ལམ་ལུགས་སྦྲེལ་མཐུད་ཡག་པོ་མ་བྱུང་བ་ལ་སོགས་པའི་གནད་དོན་རབ་དང་རིམ་པ་ཐོན་ནས་སྤྱི་ཚོགས་འགན་སྲུང་བྱ་གཞག་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་ཚོད་འཛིན་ཕོག་ཡོད། འཕེལ་རྒྱས་ཀྱི་རྩ་བའི་དམིགས་ཡུལ་གྲུབ་པ་དང་མི་སེར་གྱི་བདེ་སྐྱིད་སྟོན་གྲངས་ཆེ་རུ་གཏོང་དགོས་ན་སྤྱི་ཚོགས་ཡོངས་སུ་སྔར་བས་ཁུངས་ཐུབ་པ་དང་སྔར་བས་དམ་ཚགས་པའི་སྤྱི་ཚོགས་འགན་སྲུང་དྲ་བ་ཞིག་ཆགས་པ་བྱེད་དགོས། སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་བྱེད་སྟངས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་དམངས་འཚོའི་བརྟེན་ས་དང་དམངས་འཚོའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།

    སྤྱི་ཚོགས་འགན་སྲུང་གི་རྩ་བའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་དམངས་ཡོངས་ཀྱི“གཞི་རྩ་འགན་ལེན”ཐུབ་པ་བྱེད་དགོས། མིག་སྔར། ལྷ་སར་གཞི་རྩའི་རྒན་གསོ་དང་། གཞི་རྩའི་སྨན་བཅོས། མ་མཐའི་འཚོ་བ་འགན་སྲུང་ལམ་ལུགས་བཅས་ཀྱིས་གཙོ་གནད་དུ་བྱས་པའི་སྤྱི་ཚོགས་འགན་སྲུང་ལམ་ལུགས་ཀྱི་མ་ལག་ཅིག་ཆགས་མོད། འོན་ཏེ་གྲོང་ཁྱེར་གྱི་ཞིང་པ་ལས་མིར་གཞི་རྩའི་སྤྱི་ཚོགས་འགན་སྲུང་མ་ཐུབ་པ་སོགས་ཀྱི་གནས་ཚུལ་ཡང་སྔར་བཞིན་ཐོན་ཡོད། དེས་ན་སྤྱི་ཚོགས་འགན་སྲུང་ལམ་ལུགས་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀ་མེད་པའི་གྲོང་མིའི་རྒན་གསོ་འགན་སྲུང་ལམ་ལུགས་བཟོ་བཅོས་བརྒྱབ་ནས་ལག་ལེན་བསྟར་བ། སྤྱི་ཚོགས་འགན་བཅོལ་འབྲེལ་བ་ས་ཁུལ་ལས་བརྒལ་ནས་སྤོ་སྒྱུར་མཐུད་སྦྲེལ་བྱ་ཐབས་དོན་འཁྱོལ་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་གཞི་གཅིག་ཅན་དུ་འགྱུར་བ་བཅས་བྱས་ནས་དམངས་ཡོངས་ལ“གཞི་རྩ་འགན་སྲུང”སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས།

    སྤྱི་ཚོགས་འགན་སྲུང་ཁྱབ་རྒྱ་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཏུ“ཡོངས་སུ་ཁྱབ་པ”བྱེད་དགོས་ཤིང་། སྤྱི་ཚོགས་འགན་སྲུང་དང་འགན་བཅོལ་ནང་ཞུགས་མཁན་མི་གྲངས་རྒྱུན་ཆད་མེད་པར་མང་དུ་སོང་མོད། འོན་ཏེ་ཞིང་པ་ལས་མི་དང་། ས་ཞིང་ཤོར་བའི་ཞིང་པ། སྟབས་བསྟུན་ལས་ཞུགས་མི་སྣ་སོགས་སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་སུ་ད་དུང་འཇུག་རྒྱུ་བྱུང་མེད། གནས་ཚུལ་དེ་དག་ལ་དམིགས་ཏེ་སྤྱི་ཚོགས་འགན་སྲུང་ཁྱབ་རྒྱ་གང་མགྱོགས་ཆེ་རུ་གཏོང་བ་དང་། ཞིང་པ་ལས་མི་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་ཀྱི་ལས་ཞུགས་མི་སྣ། ས་ཞིང་ཤོར་བའི་ཞིང་པ་སོགས་མི་ཚོགས་དག་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་ལས་དོན་གཙོ་བོར་བཟུང་ནས་ལེགས་པར་སྤེལ་བ། སྲིད་ཇུས་སྣ་ཚོགས་བཟོས་ཏེ་ཆ་རྐྱེན་འཛོམས་པའི་མང་ཚོགས་ལ་སྤྱི་ཚོགས་འགན་བཅོལ་ནང་ཧུར་ཐག་ཞུགས་རྒྱུ་དང་སྤྱི་ཚོགས་འགལ་བཅོལ་ནང་ཡུན་རིང་ཞུགས་རྒྱུའི་ཁྲིད་སྟོན་དང་། རྒྱབ་སྐྱོར། ལྕག་སྐུལ་བཅས་བྱས་ནས་སྤྱི་ཚོགས་འགན་བཅོལ་དང་འགན་ལེན་གྲོང་ཁྱེར་དང་གྲོང་གསེབ་ཏུ“ཡོངས་སུ་ཁྱབ་པ”བྱེད་དགོས།

    སྤྱི་ཚོགས་འགན་སྲུང་ནི་མི་རྣམས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་གཞི་རྟེན་ཞིག་ཡིན། གནད་དོན་དེ་དག་ཐག་གཅོད་ཡག་པོ་བྱུང་ན་མི་སེར་ལ་གཞི་ནས“རྒས་དུས་འཚོ་རྟེན་ཡོད་པ་དང་། ན་དུས་སྨན་བཅོས་ཐུབ་པ། སྡོད་སའི་ཁང་པ་ཡོད་པ། ལྟོ་གོས་ལ་སེམས་ཁྲལ་མེད་པ”བཅས་ཡོང་ཐུབ། སྲིད་གཞུང་དང་། ཁེ་ལས། སྤྱི་ཚོགས་བཅས་ཀྱིས་མཉམ་ཤུགས་ཆགས་པ་བྱེད་པ་དང་། སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་བཅོལ་ཁྱབ་རྒྱ་ཆེ་རུ་གཏོང་བ། སྤྱི་ཚོགས་འགལ་བཅོལ་མ་དངུལ་ཡོང་ཁུངས་དང་ཐབས་ལམ་ཆེ་རུ་གཏོང་བ། མི་སེར་གྱི་གཞི་རྩའི་འཚོ་བ་འགན་སྲུང་ཡོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ལ་འཚོ་བ་སྐྱིད་པོ་ཞིག་སྐྱེལ་རྒྱུ་ཡོང་བ་བྱེད་དགོས་ལ་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱང་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།