[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་རྒྱུ་དེ་ཏང་གི་བསམ་བློ་འཛུགས་སྐྱོང་གི་ལས་འགན་ཨང་དང་པོར་བརྩི་དགོས།

    རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་གཉིས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2017-11-15

    ཕུགས་བསམ་དང་དད་སེམས་ནི་མི་རྣམས་འབད་འབུངས་སྟོབས་བརྩོན་གྱིས་མདུན་སྐྱོད་བྱ་རྒྱུར་ཁྲིད་སྟོན་བྱེད་མཁན་གྱི་དར་ཆ་ཞིག་དང་། མི་རྣམས་ཀྱི་མདུན་སྐྱོད་ཁ་ཕྱོགས་གསལ་སྟོན་བྱེད་མཁན་གྱི་ཕྱོགས་སྟོན་སྒྲོན་མེ་ཡིན། རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གུང་ཁྲན་ཏང་མིའི་དད་སེམས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ“བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་ནས་རང་རྟོགས་ངང་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་འདུན་གྱི་བློ་བརྟན་འགྱུར་མེད་ཀྱི་དད་མོས་པ་ཞིག་དང་བསམ་པ་རྣམ་དག་གི་ལག་ལེན་པ་ཞིག་བྱེད་དགོས”ཞེས་ནན་བཤད་བྱས་ཡོད།


    གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་བློའི་ཀ་རྟེན་དང་ཆབ་སྲིད་ཀྱི་བླ་སྲོག་ཡིན་ལ་ཏང་གི་མཐུན་སྒྲིལ་གཅིག་གྱུར་རྒྱུན་འཁྱོངས་བྱེད་པའི་བསམ་བློའི་རྨང་གཞི་ཞིག་ཀྱང་རེད། “ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་བཅངས་པ། ནམ་ཡང་འབད་འཐབ་བཅས་བྱས་ཚེ་གཞི་ནས་ཀྲུང་གོ་གུང་ཁྲན་ཏང་ནམ་ཡང་གསོན་ཤུགས་འཕེལ་ཐུབ”ཏང་གི་ཚོགས་ཆེན་བཅུ་དགུ་པ་གྲོལ་ནས་གཟའ་འཁོར་གཅིག་ཀྱང་མ་སོང་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་སྣེ་ཁྲིད་ནས་ཆེད་མངགས་ཧྲང་ཧའེ་ཀྲུང་གུང་ཚོགས་ཆེན་དང་པོའི་འཚོགས་ཡུལ་གནས་མཆོག་དང་ཀྲེ་ཅང་ཅ་ཤིང་ནན་ཧུའུ་མཚོ་མོའི་གྲུ་དམར་ཐོག་ཕེབས་ནས་ཏང་འཛུགས་སྐྱོང་གི་ལོ་རྒྱུས་དང་འབད་འཐབ་ཀྱི་བརྒྱུད་རིམ་ཕྱིར་དྲན་དང་། ཏང་ཞུགས་ཀྱི་དམ་བཅའ་བསྐྱར་འཇོག་གནང་བ་དེ་ཐོག་ནས“གྲུ་དམར་གྱི་སྙིང་སྟོབས”རྒྱས་བཤད་གནང་བ་མ་ཟད། སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་བྲག་རྡོ་ལྟར་གྱི་ཕུགས་བསམ་དད་སེམས་ཀྱང་མངོན་པར་བྱས་ཡོད།


    ཕུགས་བསམ་དད་སེམས་བརྟན་པོ་དང་གུང་ཁྲན་ཏང་མིའི་སྙིང་སྟོབས་དོན་གཉེར་བརྟན་སྲུང་བྱ་རྒྱུ་དེ་ནི་སྔ་བར་ཕྱི་གསུམ་དུ་གུང་ཁྲན་ཏང་མིའི་ལུས་ཆགས་ས་དང་སེམས་བརྟེན་སའི་རྩ་བ་ཞིག་དང་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་ཆེན་པོ་ཞིག་རེད། གུང་ཁྲན་ཏང་མི་ཞིག་དང་འགོ་ཁྲིད་ལས་བྱེད་པ་ཞིག་ལ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་ལྡན་མིན་ལ་ཚད་འཇལ་བྱ་རྒྱུར་དངོས་ཡོད་ཀྱི་ཚད་གཞི་ཞིག་ཡོད། དེ་ནི་ཁོང་ཚོས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་ཐུབ་མིན་དང་། དཀའ་ལས་སྔོན་ལ་རྒྱག་པ་དང་རྗེས་སུ་ལོངས་སྤྱོད་ཐུབ་མིན། ལས་དོན་ཧུར་ཐག་བསྒྲུབ་པ་དང་སྤྱོད་གཙང་གཞུང་དྲང་ཐུབ་མིན། ཕུགས་བསམ་གྱི་ཆེད་སྲོག་ཉེན་ལ་མི་འཛེམས་པར་འབད་འབུངས་དང་། འཐབ་རྩོད། རང་ཉིད་ཀྱི་སེམས་ནུས་ཡོད་ཚད་དང་ཐ་ན་ཚེ་སྲོག་ལེགས་སྐྱེས་བཅས་འབུལ་ཐུབ་མིན་བཅས་ལ་ལྟ་དགོས། ཞི་བས་བཅིངས་འགྲོལ་བཏང་ཚུན་ཕུགས་བསམ་དང་དད་སེམས་བརྟན་པོ་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རབས་ནས་མི་རབས་བར་གྱི་གུང་ཁྲན་ཏང་མི་ཚོས་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ཁྱད་བསད་བྱ་རྒྱུ་དང་། དཀའ་ཚེགས་ཀྱི་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་རྒྱུ། རྒྱལ་ཁ་ནས་དེ་བས་ཆེ་བའི་རྒྱལ་ཁའི་ཕྱོགས་སུ་བསྐྱོད་རྒྱུ་བཅས་ཀྱི་སྟོབས་ཤུགས་ཀྱི་འབྱུང་རྩ་ཡིན། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ཐོག་ནས་ང་ཚོའི་གུང་ཁྲན་ཏང་མི་ཚོས་བོད་ལྗོངས་བཅིངས་འགྲོལ་དང་། བོད་ལྗོངས་འཛུགས་སྐྲུན། བོད་ལ་རྩ་བ་ཚུགས་པ། བོད་ལ་ལེགས་སྐྱེས་འབུལ་བ། བོད་ལ་བྱས་རྗེས་འཇོག་པ་བཅས་ཀྱི་རྣམ་པ་མངོན་ཡོད།


    ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པར་ཕུགས་བསམ་དང་དད་སེམས་བརྟན་པོ་ནི་མེད་དུ་མི་རུང་བ་ཞིག་རེད། བོད་དུ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས་དབར་གྱི་འགལ་བ་གཙོ་བོ་འཕྲད་ཡོད་ལ། མི་རིགས་ཁག་གི་མི་དམངས་དང་ཏཱ་ལའི་རུ་ཚོགས་ཀྱིས་ཚབ་བྱེད་པའི་ཁ་ཕྲལ་ཕྱོགས་གཏོགས་དབར་གྱི་དམིགས་བསལ་འགལ་ཟླ་ཡང་འཕྲད་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་ནས་སླར་ཡང་འོད་སྟོང་འབར་བའི་བྱས་རྗེས་གཏོད་རྒྱུ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་ལ་འཁེལ་བའི་ལས་འགན་ཁག་མངོན་འགྱུར་བྱ་རྒྱུའི་འགག་རྩ་དེ་ཕྱོགས་ཡོངས་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུར་ཐུག་ཡོད་ལ། རིམ་ཁག་ཏང་ཡོན་ལས་བྱེད་པའི་ཕུགས་བསམ་དད་སེམས་བརྟན་པོར་ཡང་ཐུག་ཡོད། ཕུགས་བསམ་དང་དད་སེམས་བརྟན་པོ་དེ་ཏང་གི་བསམ་བློ་འཛུགས་སྐྱོང་གི་ལས་འགན་ཨང་དང་པོར་བརྩིས་ནས་རྒྱ་ཆེའི་ཏང་ཡོན་ཚོས་ཏང་གི་དམིགས་ཡུལ་བློ་ལ་བརྟན་པོར་འཆང་རྒྱུར་སློབ་གསོ་ཁྲིད་སྟོན་དང་། གུང་ཁྲན་ཏང་མིའི་བསམ་བློའི་སྙིང་སྟོབས་ཆེར་གཏོང་། འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཀྱི“གཅུས་སྒོ་ཨ་མའི”གནད་དོན་ཐག་གཅོད་ཡག་པོ་བྱེད་པ། དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། བསམ་པའི་ཀལ་གསབ་པ། བསམ་བློའི་ཁ་ཕྱོགས་དམ་འཛིན་བཅས་བྱས་ཏེ་ས་མཐོར་རྩ་བ་ཚུགས་པ་དང་བོད་ལ་ལེགས་སྐྱེས་ཕུལ་དགོས།


    ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ནི་དལ་དལ་ལྷོད་ལྷོད་དང་རྔ་རྡུང་རོལ་དཀྲོལ་བྱས་པ་ཙམ་གྱིས་འགྲུབ་ཐུབ་པ་ཞིག་མིན། དུས་རབས་གསར་པར་གཞི་ཚུགས་པ་དང་། དམིགས་ཚད་གསར་པར་རྒྱང་ལྟ་བྱེད་པ། ལས་འགན་གསར་པ་ཕྲག་ཐོག་ཏུ་འཁུར་བ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ་བཅས་བྱེད་པར་ང་ཚོས་ནམ་ཡང་འབད་འབུངས་ལྷོད་མེད་ཀྱི་སྙིང་སྟོབས་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཀྱི་རྣམ་འགྱུར་ཐོག་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་བསམ་བློ་བཅིངས་འགྲོལ་དང་། སྒྱུར་བཅོས་གསར་གཏོད། འབད་འབུངས་ཡར་བརྩོན། དཀའ་སྤྱད་སྙིང་རུས་ཀྱིས་ལས་དོན་བསྒྲུབ་པ་བཅས་བྱེད་དགོས་པ་མ་ཟད། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བའི་ཁྲོད་གུང་ཁྲན་ཏང་མིའི་ཕུགས་བསམ་དད་སེམས་བརྟན་པོ་བསྲུང་ནས་ལུས་ཤ་ཤོར་བ་དང་གདོང་ལྤགས་བཞུད་པར་མི་སྐྲག་པའི་ལས་སྒྲུབ་ཀྱི་ངར་ཤུགས་ཐོག་ནས་ཕུགས་བསམ་དང་དད་སེམས་བརྟན་པོ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་བྱ་སྤྱོད་དངོས་ལ་འགྱུར་བ་བྱེད་དགོས།


    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།