[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • མི་རིགས་ལས་དོན་ཡག་པོ་སྒྲུབ་པར་འགག་རྩ་ནི་ཏང་དང་མི་ལ་ཐུག་ཡོད།

    ​ བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་སྐོར་གྱི་གླེང་ཐེངས་གསུམ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2017-10-09

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་ཏང་དང་མི་ལ་ཐུག་ཡོད་ཅེས་ནན་བཤད་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ཏེ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་དགོས་པའི་འགག་རྩ་དེ་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་མི་རིགས་ལས་ཀའི་ཕྱོགས་ཁག་དང་ལྷུ་ཚིགས་ཁག་ཁྲོད་དོན་འཁྱོལ་བྱེད་དགོས།

    མི་རིགས་ལས་དོན་ཡག་པོ་སྒྲུབ་ཐུབ་མིན་གྱི་ཆེས་རྩ་བ་ནི་ཏང་གི་འགོ་ཁྲིད་འགྱུར་མེད་སྟོབས་ལྡན་ཡིན་མིན་ལ་ལྟ་དགོས། ཏང་གི་འགོ་ཁྲིད་ནི་ང་ཚོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས། འཕེལ་རྒྱས་བཅས་བྱ་གཞག་ཁག་ལ་གྲུབ་འབྲས་ཐོབ་པའི་རྩ་བའི་འགན་ལེན་ཡིན་ལ་ང་ཚོས་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཡང་ཡིན་པས་ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་ངང་མཐའ་འཁྱོངས་དང་དུས་བསྟུན་མདུན་སྐྱོད་ཀྱི་སྒོ་ནས་ཤུགས་སྣོན་རྒྱག་དགོས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་ལག་ལེན་ཁྲོད་ནས་ར་འཕྲོད་བྱུང་ཡོད། དུས་བབ་གསར་པའི་འོག་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་ཨུད་ཀྱིས་སྤྱི་ཡོངས་ལ་གཅིག་འཛིན་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཏང་གིས་མི་རིགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས།

    དེང་སྐབས་རང་ལྗོངས་ཀྱི་མི་རིགས་འབྲེལ་བ་སྤྱི་ཡོངས་ནས་ཞི་མཐུན་ཡིན་མོད། འོན་ཀྱང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་མེས་རྒྱལ་ཁ་ཕྲལ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་སྐད་ཅིག་ཙམ་ཡང་མཚམས་འཇོག་མྱོང་མེད་པས་མི་རིགས་ལས་དོན་ཡག་པོ་སྒྲུབ་པར་འགྲན་སློང་དང་གནད་དོན་གསར་པ་མི་ཉུང་བ་ཞིག་སྔར་བཞིན་འཕྲད་པ་ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་ཐུབ་པ་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་གཏོང་བ་དང་། རྟག་ཏུ་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ཉན་པ། རྟག་ཏུ་མི་རིགས་ལས་དོན་ཁྲོད་ཀྱི་གནད་དོན་འགངས་ཆེན་ཞིབ་འཇུག་བྱེད་པ། སྲིད་ཇུས་དང་བྱེད་ཐབས་བཟོ་བ། ལས་དོན་བཀོད་སྒྲིག་བྱེད་པ་དང་འབྲེལ་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བཅས་བྱེད་དགོས། ཕྱོགས་ཁག་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་ཏེ་ཏང་ཨུད་ཀྱིས་འགོ་ཁྲིད་པ་དང་། སྲིད་གཞུང་གིས་འགན་ཁུར་བ། འབྲེལ་ཡོད་སྡེ་ཚན་དབར་གཞོགས་འདེགས་མཉམ་ལས། སྤྱི་ཚོགས་ཡོངས་ཤུགས་སྒྲིལ་མཉམ་ལས་བཅས་བྱེད་པའི་ལས་ཀའི་བཀོད་པ་ཞིག་ཆགས་པར་བྱས་ཏེ་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་མཉམ་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས།

    མི་རིགས་ལས་དོན་ཡག་པོ་སྒྲུབ་པར་གསར་གཏོད་ནུས་པ་དང་འཐབ་ནུས་ཆེན་པོ་ལྡན་པའི་ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་ཅིག་མེད་ན་འགྲིག་ཐབས་མེད། “ལས་བྱེད་པ་བཟང་པོའི”ཚད་གཞིའི་ཐོག་ནས་མི་རིགས་ཁག་གི་ལས་བྱེད་པར་བླང་བྱ་འདོན་རྒྱུ་མཐའ་འཁྱོངས་ཀྱིས་དད་སེམས་བརྟན་པོ་དང་། དམངས་ཆེད་ཞབས་ཞུ། སྲིད་བརྩོན་དངོས་སྒྲུབ། འགན་འཁྲི་ཁུར་ཕོད་པ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་ལས་བྱེད་པ་བཟང་པོའི་དཔུང་ཁག་ཅིག་གཏོད་དགོས། བོད་དུ་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་འཐབ་རྩོད་བྱེད་ཕོད་པ་བཅས་ཀྱི་ཕུལ་བྱུང་ལས་བྱེད་པ་གསོ་སྐྱོང་དང་། འདེམས་བསྐོ། བཀོལ་སྤྱོད་བཅས་བྱ་རྒྱུར་ལྷག་པར་དུ་དོ་སྣང་བྱེད་དགོས། མི་རིགས་ཁག་གི་ལས་བྱེད་པའི་ཁྲོད་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཡིན་ནའང་འདྲ་ཡང་ན་རྒྱ་རིགས་ལས་བྱེད་པ་ཡིན་ཡང་རུང་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་ལས་བྱེད་པ་ཡིན་པས་ཚང་མས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གཙོ་བོར་འཛིན་པ་དང་མི་དམངས་ལ་ཕན་བདེ་བསྐྲུན་རྒྱུ་དད་སེམས་སུ་བརྩིས་ནས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་སེམས་ཁུར། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ཏེ་ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་ལས་དོན་ཡག་པོ་སྒྲུབས་དགོས།

    མི་རིགས་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་དགོས། གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་རྒྱུ་དེ་མི་རིགས་ལས་དོན་དང་མི་རིགས་ས་ཁུལ་གྱི་ལས་དོན་ཡག་པོ་སྒྲུབ་པའི་ཕུགས་ཀྱི་ཇུས་གཞི་དང་རྩ་བ་བརྟན་ཚུགས་ཀྱི་བྱེད་ཐབས་སུ་བརྩིས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས། གཞི་རིམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་ཕན་པའི་ལམ་སྲོལ་ཆགས་པར་བྱས་ཏེ་ཐོན་ཁུངས་གཞི་རིམ་དང་རྨང་གཞིའི་ལས་ཀའི་ཁྱབ་ཁོངས་སུ་བཀོད་སྒྲིག་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་དང་གཞི་རིམ་ལས་བྱེད་པས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུར་ཐོན་ཁུངས་ཡོད་པ་དང་འཇོན་ཐང་ཡོད་པའི་འགན་ལེན་བྱེད་དགོས། གྲོང་སྡོད་ལས་དོན་ལ་མུ་མཐུད་དམ་འཛིན་བྱས་ཏེ་གཞི་རིམ་གྱི་ཞབས་ཞུ་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་གཞི་རིམ་གྱི་ཏང་རྩ་འཛུགས་ཚང་མ་ཕྱོགས་གཅིག་ཕྱུག་པོ་ཆགས་པ་དང་། ཕྱོགས་གཅིག་མཐུན་སྒྲིལ་བྱེད་པ། ཕྱོགས་གཅིག་བརྟན་ལྷིང་ཡོང་བ་བྱེད་པ་བཅས་ཀྱི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་དུ་གྱུར་བ་བྱེད་པ་དང་ཏང་ཡོན་ཚང་མ་མི་རིགས་མཐུན་སྒྲིལ་དང་བརྟན་ལྷིང་སྲུང་སྐྱོང་དང་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་མཁན་དར་ཆ་ཞིག་ཏུ་གྱུར་བ་བྱེད་དགོས།

    ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་གྲབས་ཡོད་པའི་སྐབས་འདིར་མི་རིགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་གཏོད་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་གི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ངོས་ནས་བརྫོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་ཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་སྔར་བས་ཆེ་རུ་བཏང་སྟེ་སེམས་མཐུན་སྟོབས་སྒྲིལ་དང་། ཡང་འབད་བསྐྱར་འབད། ལས་འགན་གཙང་སྒྲུབ་བཅས་བྱས་ཐོག་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་གི་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།