[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བོད་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཕྱོགས་ཡོངས་ནས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

    ​ —— ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་ བསྟར་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་གཉིས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2017-10-07

    ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་ཁྱད་ཆོས་གསར་པར་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱས་པ་དང་འབྲེལ་གོམ་སྟབས་རྗེས་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཡག་པོ་བསྒྲུབ་རྒྱུར་བཀོད་སྒྲིག་གཏིང་ཟབ་བྱས་ཡོད། དེར་བརྟེན་ང་ཚོས་སློབ་སྦྱོང་ནན་ཏན་དང་། གོ་བ་གཏིང་ཟབ་ལེན་པ། ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་རྣམ་པ་གསར་པ་བཏོད་དེ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མི་རབས་ནས་མི་རབས་བར་གངས་ལྗོངས་ས་མཐོར་བཞད་པ་བྱེད་དགོས།

    ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས“འདུ་ཤེས་བཞི”བརྟན་པོ་བཙུགས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏིང་ཟབ་བཏང་བར་བརྟེན་མི་རིགས་ཁག་དབར་སྤུན་ཟླའི་བརྩེ་དུང་དང་། ཕན་ཚུན་ལྟ་སྐྱོང་། འཆམ་མཐུན་མཉམ་གནས། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་དེ་བས་ཟབ་ཏུ་ཕྱིན་ཡོད། འོན་ཀྱང་ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་སུ་མི་རིགས་མཐུན་སྒྲིལ་ལས་དོན་ལ་དམ་འཛིན་བྱེད་པའི་ལས་འགན་དེ་བས་དཀའ་ཚེགས་ཆེ་བ་དང་འགན་འཁྲི་དེ་བས་ལྕི་པོ་ཡོད་པ་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་ཐུབ་པ་བྱེད་དགོས། ངེས་པར་དུ་མི་རིགས་མཐུན་སྒྲིལ་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་དེ་ཉིད་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་དེ་བས་གལ་འགངས་ཆེ་བའི་ཉིན་རེའི་གྲོས་རིམ་ནང་བཞག་སྟེ་བསམ་བློའི་ཐོག་ལག་བསྟར་དང་། བྱ་སྤྱོད་ཐད་དོན་འཁྱོལ། ལས་གནས་ཐོག་མངོན་པ་བཅས་བྱས་ཏེ་རྒྱུན་ཆད་མེད་པར་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཕྱོགས་ཡོངས་ནས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

    ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས། ལག་ལེན་གྱི་ཐོག་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱ་རྒྱུ་དེ་ནི་བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་གྱི་ཕྱི་རོལ་ཡུལ་གྱི་བླང་བྱ་ཞིག་དང་། བོད་ཀྱི་འཕེལ་རྒྱས་ཡར་ཐོན་གྱི་ཡང་དག་གདམ་ག་ཞིག་ཡིན་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་བསམ་འདུན་དང་རྩ་བའི་ཁེ་ཕན་དང་རྦད་དེ་མཐུན་ཡོད་པར་བརྟེན་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྙིང་དབུས་ནས་བརྩི་བཀུར་ཐོབ་པ་ར་སྤྲོད་བྱུང་ཡོད། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བར། གཅིག་གྱུར་དང་རང་སྐྱོང་ཕན་ཚུན་ཟུང་འབྲེལ་དང་མི་རིགས་ཀྱི་གཞི་རྒྱུ་དང་ས་ཁོངས་གཞི་རྒྱུ་ཕན་ཚུན་ཟུང་འབྲེལ་བྱེད་པ་དང་ཆབས་ཅིག་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་བྱ་གཞག་ཁག་ལ་གནང་བའི་དམིགས་བསལ་གྱི་རྒྱབ་སྐྱོར་དང་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་གནང་བའི་དམིགས་བསལ་ཐུགས་ཁུར་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲིད་སྟོན་བྱས་ཏེ་རྒྱ་མཚོ་ལྟར་ཟབ་པའི་སྤྱི་ཁྱབ་ཧྲུའུ་ཅིའི་བརྩེ་སེམས་ཚོར་བ་བྱེད་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་བརྩི་བཀུར་དང་། ཡིད་ཆེས། ལྷག་བསམ། སྲུང་སྐྱོང་བཅས་བྱེད་པ། ཏང་གི་འགོ་ཁྲིད་འོག་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་མཁན་མི་རིགས་ཁག་གི་ལས་བྱེད་མང་ཚོགས་རྣམས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ། དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་རྒྱ་ཁྱབ་སྐོང་འཐེན་བཅས་བྱས་ཏེ་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེ་མོའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས།

    ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་རྣམས་ཀྱི་རླབས་ཆེན་མེས་རྒྱལ་ལ་སེམས་པ་ཕྱོགས་ཤུགས་དང་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་དགོས། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་ནས་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱེད་པ། “ཆ་བཅུ་གསུམ་གྱི་འབྲེལ་བ”ཐག་གཅོད་ཡང་དག་བྱེད་པ། དམངས་འཚོར་དམིགས་ནས་འཕེལ་རྒྱས་ལ་དམ་འཛིན་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་འཕེལ་བརྟན་གསུམ་གྱི་གྲུབ་འབྲས་མཉམ་གཏོད་མཉམ་སྤྱོད་ཐུབ་པ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། ལས་ཞུགས་ལས་གཏོད་ཀྱི་ལས་དོན་ཡག་པོ་སྒྲུབ་པ། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་པ་མ་ཟད། ལྷག་པར་དུ་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་མཉམ་སྐྲུན་མཉམ་སྤྱོད་ཀྱིས་མི་རིགས་ཁག་གི་མང་ཚོགས་ཚོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་སྔར་བས་ཆེ་རུ་གཏོང་དགོས།

    ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། ཏང་གི་མི་རིགས་སྲིད་ཇུས་མི་སེམས་ལ་ཟུག་པ་དང་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཉིན་བཞིན་ཟབ་ཏུ་ཕྱིན་པར་བརྟེན“ཕན་ཚུན་མཛའ་ཞིང་མཐུན་པ་དང་ཉ་ཆུ་ལྟ་བུའི”བརྩེ་སེམས་ཀྱི་རྣམ་པ་དེ་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་དོན་དངོས་སུ་གྱུར་ཡོད། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྔར་བས་སྐུལ་འདེད་གཏོང་བར། མི་རིགས་གི་ཧེ་བག་ལ་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་ལས་ཧེ་བག་ཆེ་རུ་མི་གཏོང་བ་དང་མི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་རྒྱུན་འཁྱོངས་བྱེད་པ་ལས་དམིགས་བསལ་ཁྱད་ཆོས་ཆེ་རུ་མི་གཏོང་བ་དང་། སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། སྒོ་འབྱེད་དང་། དགའ་བསུ། བསྟུན་མཁས་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས། གྲོང་ཁྱེར་གྱི་མི་རིགས་ལས་དོན་ཡག་པོ་སྒྲུབ་པ། སྐད་ཡིག་གཉིས་ཀྱི་སློབ་གསོ་ཁྱབ་གདལ་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཆོས་ལུགས་ལས་དོན་གྱི་ཡང་དག་ཁ་ཕྱོགས་སྟངས་འཛིན་བྱེད་པ། “ཁྲིད་སྟོན”ཐད་གཞོལ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།

    ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ནས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དང་སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་ཟུང་འབྲེལ་བྱེད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་ཐབས་ཕུན་སུམ་ཚོགས་སུ་བཏང་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲིད་སྟོན་གྱིས“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་འཛུགས་པ་དང“མོས་སེམས་ལྔ”ཆེ་རུ་བཏང་སྟེ་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།