[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བློ་བརྟན་འགྱུར་མེད་ཀྱིས་ཆབ་སྲིད་སྐོར་གཟིགས་གཏིང་ཟབ་ཏུ་གཏོང་བ་མཐའ་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-14

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྗོངས་ཏང་ཨུད་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཝང་གཡུང་ཅུན་གྱིས།གསར་དུ་བཟོ་བཅོས་བརྒྱབ་པའི་སྐོར་གཟིགས་ལས་དོན་གྱི་སྲོལ་ཡིག་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་གཏིང་ཟབ་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚུན་གྱི་སྐོར་གཟིགས་ལས་དོན་གྱི་ལག་ལེན་གསར་གཏོད་དང་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ཆ་ལག་ཚང་པོས་ཕྱོགས་སྡོམ་དང་། རིགས་དབྱེ། ཞུན་བརྡར་བཅས་བྱས་པའི་འབྲས་བུ་ཡིན་ལ། གཏན་འབེབས་ལྟར་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བའི་ལམ་ལུགས་གལ་ཆེན་གྱི་མཚོན་ཆ་རྣོ་ངར་ཅན་ཞིག་ཡིན་ཞིང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ། ཆབ་སྲིད་སྐོར་གཟིགས་གཏིང་ཟབ་ཏུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།

    ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་མི་དམངས་ཉིན་རེའི་ཚགས་པར་ཐོག《སྐོར་གཟིགས་ནི་ཏང་ནང་ཁུལ་ལ་ལྟ་སྐུལ་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ལས་མངོན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ལྟ་སྐུལ་གྱི་ལེགས་ཆ་ཞིག་རེད》ཅེས་འགོ་བརྗོད་དུ་འཁོད་པའི་མཚན་བཀོད་རྩོམ་ཡིག་སྤེལ་བའི་ནང་། ང་ཚོའི་ཏང་གིས་ཡུན་རིང་སྲིད་སྐྱོང་དང་ཕྱོགས་ཡོངས་ནས་སྲིད་སྐྱོང་ལ་འགན་ལེན་ཇི་ལྟར་བྱེད་པའི་ལོ་རྒྱུས་རྒྱབ་ལྗོངས་ནས་འགོ་རྩོམ་པ་དང་། ང་ཚོའི་ཏང་གིས་རང་གིས་རང་ལ་ལྟ་སྐུལ་ལོ་རྒྱུས་བརྗོད་གཞིའི་དཀའ་གནད་ཇི་ལྟར་སེལ་བར་བསམ་གཞིག་ནན་པོ་བྱས་ཤིང་། སྲོལ་ཡིག་ལ་ཕྱོགས་ཡོངས་ནས་འགྲེལ་བཤད་བརྒྱབ་པ་ཞིག་རེད། ཏང་ཀྲུང་དབྱང་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལྟར་ང་ཚོར་སྐོར་གཟིགས་ལས་དོན་སྔར་བས་ཡག་པོ་སྒྲུབ་པར་ལམ་སྟོན་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ལྷག་དོན་དུ་སྐོར་གཟིགས་དང་སྐོར་བཤེར་སྒྲིག་གཞིས་གསར་དུ་བཟོ་བཅོས་བརྒྱབ་པའི་སྐོར་གཟིགས་ལས་དོན་སྲོལ་ཡིག་གི་དགོངས་དོན་གྱི་ངོ་བོར་སློབ་སྦྱོང་ནན་ཏན་བྱེད་པ་དང་། གོ་བ་གཏིང་ཟབ་ལོན་པ། ཕྱོགས་ཡོངས་ནས་གོ་བ་ལེན་པ། གནད་ལ་འཁེལ་པོས་ཁོང་དུ་ཆུད་པ་བཅས་བྱས་ཏེ་བོད་ཀྱི་དོན་དངོས་དང་ཡང་ཟུང་འབྲེལ་གྱིས་ཆབ་སྲིད་སྐོར་གཟིགས་ཀྱི་ངེས་གནས་ལ་དམིགས་པ་དང་ཏང་གིས་སྲིད་སྐྱོང་བའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་ཆབ་སྲིད་ཀྱི་ནོར་འཛོལ་འཚོལ་བ་དང་ཡོ་བསྲང་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

    གཅིག ཆབ་སྲིད་སྐོར་གཟིགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས།

    ཆབ་སྲིད་སྐོར་གཟིགས་ནི་སྐབས་བཅོ་བརྒྱད་པའི་ཏང་ཀྲུང་དབྱང་གི་སྐོར་གཟིགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་རེད། ཆབ་སྲིད་སྐོར་གཟིགས་གཏིང་ཟབ་ཏུ་གཏོང་བའི་བླང་བྱ་སྐོར་གཟིགས་ལས་དོན་གྱི་སྲོལ་ཡིག་ནང་བཅུག་པ་ནི་ལྟེ་བ་དང་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་ཡིན་ལ། སྲོལ་ཡིག་བཟོ་བཅོས་རྒྱག་པའི་གཙོ་གནད་དང་བཀྲག་མདངས་འཚེར་ས་ཞིག་ཀྱང་ཡིན་པས་ཀྲུང་དབྱང་གི་སྙིང་སྟོབས་མཚོན་ལ་ལག་ལེན་གྱི་བླང་བྱ་དང་ཡང་མཐུན་ཡོད།

    ཆབ་སྲིད་སྐོར་གཟིགས་ནི་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ངོས་འཛིན་ཟབ་ཏུ་སོང་བ་དང་ལག་ལེན་གྱི་འཕེལ་རྒྱས་ཤིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐོར་གཟིགས་ལས་དོན་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པའི་འཐབ་ཇུས་རང་བཞིན་གྱི་བཀོད་སྒྲིག་ལམ་ལུགས་ལ་བརྩིས་ནས། མཐའ་འཁྱོངས་བྱེད་རིང་གཏིང་ཟབ་ཏུ་གཏོང་བ་དང་། གཏིང་ཟབ་ཏུ་གཏོང་རིང་མཐའ་འཁྱོངས་ཀྱིས་ཟམ་མི་ཆད་པར་དུས་བསྟུན་འཕེལ་རྒྱས་བཏང་སྟེ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་དམིགས་པ་དང་། “ཤུགས་རྒྱག་ས་བཞི”ལ་དམིགས་པ། གནད་དོན་རྙེད་པ་མངོན་གསལ་དོད་པོ་ཡོང་བ། ཟིལ་རྔམ་ཆགས་པར་བྱེད་པ་བཅས་ནས། “སྒྲིག་ཁྲིམས་དྲུག”ལ་དམིགས་ནས། “ཤུགས་རྒྱག་ས་བཞི”གཏིང་ཟབ་ཏུ་བཏང་སྟེ་སྒྲིག་ལམ་ཁྲིམས་ལས་ནན་པ་དང་སྒྲིག་ལམ་ཁྲིམས་ཀྱི་སྔོན་དུ་འཇོག་པའི་བར་དང་། དེ་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ལ་དམིགས་ནས“ཟབ་གཏོང་གསུམ”བརྒྱུད་སྐོར་གཟིགས་ཀྱི་གནས་བབ་སྔར་བས་མཐོ་བ་དང་། སྐོར་གཟིགས་ཀྱི་ངེས་གནས་སྔར་བས་གནད་ལ་འཕིགས་པ། སྐོར་གཟིགས་ཀྱི་ལས་འགན་སྔར་བས་ཞིབ་ཚགས་པ། སྐོར་གཟིགས་ཀྱི་སྤུ་གྲིའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད།

    ཆབ་སྲིད་སྐོར་གཟིགས་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་དང་ཐོག་ཆབ་སྲིད་ནས་ལྟ་དགོས་པའི་ནན་གསུངས་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཟམ་མི་ཆད་པར་སྐུལ་མ་གཏོང་བ་དང་ཆབས་ཅིག ཏང་ནང་ཁུལ་གྱི་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་དེ་ཆབ་སྲིད་ཐད་ནས་མངོན་གསལ་ཇེ་དོད་དུ་གྱུར་ཡོད། རང་ལྗོངས་ཀྱི་གནས་ཚུལ་ནས་བལྟས་ཚེ། ཏང་ཡོན་མི་ཉུང་བ་ཞིག་གི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་མེད་ལ། ལ་ལས་ཆོས་ལ་དད་པ་ལས་མར་ལེ་རིང་ལུགས་ལ་དད་པ་མེད་པས“མགོ་གཉིས་མ”བྱེད་ཀྱི་ཡོད། ལ་ལ་ཆབ་སྲིད་ཀྱི་ཚོར་བ་རྣོན་པོ་མེད་པས་དུས་ཡུན་རིང་པོར་གནས་པའི་གསང་བའི་ཁྲིམས་འགལ་རྩ་འཛུགས་དང་། ཏང་ཡོན་གྱིས་ཆོས་ལ་དད་པ་བྱེད་པ་དང་ཐ་ན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རྗེས་སུ་འབྲང་བའི་གནད་དོན་ཐད་དར་ཆ་གསལ་སྟོན་དང་སྤུ་གྲི་ངར་མ་འཕྱར་མི་ཕོད་པ་དེ་དག་ནི་ཆབ་སྲིད་ཀྱི་གནད་དོན་རེད། ལ་ལས་དབང་ཆ་དང་དངུལ་ཚོང་རྒྱག་པ་དང་། བག་མེད་རུལ་སུངས་བྱེད་པའང་ཆབ་སྲིད་ཀྱི་ངོ་བོ་འགྱུར་བ་ཞིག་རེད། གནད་དོན་མི་ཉུང་བ་དེ་དག་སྐོར་གཟིགས་བྱེད་སྐབས་ཤེས་པ་ཞིག་ཡིན་པས་ཟིལ་རྔམ་དང་། བཀག་སྡོམ། རྩ་བཅོས་བཅས་ཀྱི་སྐོར་གཟིགས་ཀྱི་ནུས་པ་མངོན་གསལ་ཐོན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་མ་གཏོང་བར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།

    ཆབ་སྲིད་སྐོར་གཟིགས་ནི་ཏང་ལ་དོ་དམ་དང་ཏང་སྐྱོང་བ་དམ་ནན་བཙན་གསུམ་ཡོང་བར་སྐུལ་མ་གཏོང་བའི་རྩ་བཅོས་ཀྱི་ཐབས་ཤེས་ཤིག་རེད། ཆབ་སྲིད་སྐོར་གཟིགས་ཀྱིས་སྲིད་སྐྱོང་ཏང་འཛུགས་སྐྱོང་གི་རྩ་བ་དམ་པོར་བཟུང་ནས་དེ་སྔོན་སྐོར་གཟིགས་བྱས་པ་འགའ་ལས་ཤེས་པའི་གནད་དོན་མཐའ་དག་མདོར་བསྡུས་ན། ཏང་གི་འགོ་ཁྲིད་ཟབ་ཟོབ་དང་། ཏང་འཛུགས་སྐྱོང་ཉམས་ཞན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནུས་མེད། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་པོ་མེད་པ། སྐྱོན་དང་ལྡན་པ་བཅས་ལས་བྱུང་བ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། ཀྲུང་དབྱང་དང་། ཞིང་ཆེན། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་སྐོར་གཟིགས་ཀྱིས་སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་བྱེད་མིན་དང་། “གནད་དོན་ཆེན་པོ་གསུམ”གྱི་རྩ་བ་དང་། ཁྱོན་ཡོངས། ཁ་ཕྱོགས་བཅས་རང་བཞིན་གྱི་གནད་དོན་གཏིང་ནས་སྔོག་མིན་ལ་གཙོ་གནད་དུ་ཞིབ་ལྟ་དང་ཞིབ་བཤེར་བྱས་ཡོད། སྐོར་གཟིགས་དེ་འདྲ་བྱེད་པའི་དམིགས་ཡུལ་ནི་ཟིལ་རྔམ་ཞིག་ཆགས་པར་བྱ་རྒྱུ་མ་ཟད། ཏང་ལ་དོ་དམ་དང་ཏང་སྐྱོང་བ་དམ་ནན་བཙན་གསུམ་ཡོང་བར་སྐུལ་མ་བཏང་ནས་རྩ་བཅོས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་བྱ་རྒྱུ་དེ་རེད།

    གཉིས། ཆབ་སྲིད་སྐོར་གཟིགས་ཀྱི་བསྟན་དོན་ལ་གོ་བ་གནད་ལ་འཁེལ་བ་དང་ཁོང་དུ་ཡང་དག་ཆུད་དགོས།

    གསར་དུ་བཟོ་བཅོས་བརྒྱབ་པའི་སྐོར་གཟིགས་ལས་དོན་གྱི་སྲོལ་ཡིག་ལ་སློབ་སྦྱོང་དང་གོ་བ་ལེན་སྐབས་ཆབ་སྲིད་སྐོར་གཟིགས་ཀྱི་ངོ་བོའི་བསྟན་དོན་ལ་གོ་བ་གཏིང་ཟབ་ལེན་པའི་ཐད་ཤུགས་བརྒྱབ་ནས་ཆབ་སྲིད་སྐོར་གཟིགས་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་གོ་བ་ཟབ་མོ་བླངས་ཏེ་ནང་སེམས་རྒྱུད་ལ་འཇཌ་པ་དང་ཕྱིའི་ལག་ལེན་དུ་འཁྱོལ་བར་བྱེད་དགོས།

    གཅིག་ནི་ཆབ་སྲིད་སྐོར་གཟིགས་ཀྱི་ངེས་གནས་ཁོང་དུ་ཡང་དག་ཆུད་དགོས། ངེས་གནས་ཡང་དག་ཚེ་གཞི་ནས་འགན་འཁྲི་དང་ཁ་ཕྱོགས་གསལ་པོ་ཡོང་ཐུབ། ཆབ་སྲིད་སྐོར་གཟིགས་ཀྱི་ངེས་གནས་ཁོང་དུ་ཆུད་པར་བྱ་རྒྱུ་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་རྩ་བའི་དམིགས་ཚད་དུ་བྱས་ནས་སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས། དེ་བཞིན་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱས་པ་གནད་སར་འཁྱོལ་མེད་པའི་གནད་དོན་འཚོལ་བ་དང་ཐག་གཅོད་ཧུར་ཐག་བྱེད་པར་སྐུལ་མ་གཏོང་དགོས། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་རྩ་བའི་ཐབས་ལམ་དུ་བྱས་ནས་སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ལ་སྐུལ་མ་བཏང་ནས་བསམ་བློའི་སློབ་གསོའི་རྩ་བར་དམ་འཛིན་ཡག་པོ་དང་། སྒྲིག་ལམ་ནན་གཏོང་གི་འགག་རྩར་དམ་འཛིན་ཡག་པོ། མི་འདེམས་མི་སྤྱོད་ཀྱི་སྟོན་ཕྱོགས་ལ་དམ་འཛིན་ཡག་པོ་བཅས་བྱེད་དགོས། རྩ་འཛུགས་འཚོ་བའི་རྒྱུན་གཏན་གྱི་བྱ་ཐབས་ལེགས་པར་སྤྱད་ནས་ཏང་འཛུགས་སྐྱོང་ཉམས་ཞན་སོགས་ཀྱི་གནད་དོན་སེལ་བར་ཤུགས་སྣོན་རྒྱག་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་རྩ་བའི་འགན་ལེན་དུ་བྱས་ནས་སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བའི་འགན་འཁྲི་དངོས་གནས་ཕྲག་ཏུ་འཁུར་བ་དང་ལག་ལེན་དོན་འཁྱོལ་བྱེད་པའི་ནང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་ཆེ་རུ་བཏང་ནས་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་རིང་ལྷུག་ལྷོད་ནན་གསུམ་གྱི་གནད་དོན་དམིགས་སུ་བཀར་ནས་ཐག་གཅོད་བྱས་ཏེ་སྤྱོད་བཟང་གཞུང་དྲང་གི་ཏང་ནང་ཁུལ་གྱི་ཆབ་སྲིད་ཀྱི་ཁོར་ཡུག་སྲུང་སྐྱོང་བྱེད་དགོས།

    གཉིས་ནི་ཆབ་སྲིད་སྐོར་གཟིགས་ཀྱི་བླང་བྱ་ཁོང་དུ་ཡང་དག་ཆུད་དགོས། སྐོར་གཟིགས་ནི་ཆབ་སྲིད་ཀྱི་སྐོར་གཟིགས་རེད། ཆབ་སྲིད་སྐོར་གཟིགས་ཀྱི་བླང་བྱ་ཁོང་དུ་ཆུད་པར་བྱ་རྒྱུ་ནི་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ལམ་བཅས་ཀྱི་ཚད་གཞི་མཐའ་འཁྱོངས་བྱེད་པ་དང་། ཏང་གི་སྲིད་སྐྱོང་གི་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་བར་གཞི་ཚུགས་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ཡང་དག་བྱེད་དགོས་པ་དེ་ཡིན། ཡིན་མིན་ཆེན་པོའི་མདུན་དུ་དར་ཆ་གསལ་སྟོན་དང་། སྲོལ་ངན་སྤྱོད་ངན་ཐད་གདོང་ཐུག་བྱེད་ཕོད་པ། ཏང་གི་སྔོན་ཐོན་རང་བཞིན་ཉམས་ཞན་དུ་གཏོང་བ་དང་ཏང་གི་དྭངས་གཙང་རང་བཞིན་ལ་གནོད་པའི་གནད་དོན་མཐའ་དག་ལ་མཐའ་གཅིག་ཏུ་འཐབ་འཛིང་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པའི་རང་རྟོགས་དང་གྲི་རྩེ་ནང་དུ་སྐོར་བའི་བློ་སྟོབས་ལ་བརྟེན་ནས“གནད་དོན་ཆེན་པོ་གསུམ”ལ་སྣང་ཆེན་གྱིས་གནད་དོན་དངོས་འབྲེལ་རྟོགས་པ་དང་གནད་དོན་ངོ་མ་རྟོགས་པར་བྱེད་དགོས། རིན་ཐང་གི་འཕེལ་ཕྱོགས་མཐའ་འཁྱོངས་དང་དམངས་ཆེད་ཡིན་པའི་རྩ་དོན་ལག་བསྟར་གྱིས་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་གནད་དོན་དང་། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན། མང་ཚོཌ་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བའི་གནད་དོན་བཅས་ལྟ་སྐུལ་གྱི་ནང་དོན་གལ་ཆེན་དུ་བརྩི་བ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་སྤྱོད་ཚུལ་ངན་པ་དང་རུལ་སུངས་ཀྱི་གནད་དོན་ཐག་གཅོད་ལ་སྐུལ་མ་གཏོང་བ། ཏང་ལ་བྱེད་པའི་མི་དམངས་མང་ཚོཌ་ཀྱི་ཡིད་ཆེས་དང་། ཆོད་སེམས། བློས་འགེལ་བཅས་ཆེ་རུ་གཏོང་དགོས།

    གསུམ་ནི་ཆབ་སྲིད་གཟིགས་སྐོར་གྱི་དམིགས་ཚད་ཁོང་དུ་ཡང་དག་ཆུད་དགོས། དམིགས་ཚད་ཀྱིས་ལས་འགན་ཐག་གཅོད་བྱེད་ཐུབ། ཆབ་སྲིད་སྐོར་གཟིགས་ཀྱི་དམིགས་ཚད་ཁོང་དུ་ཆུད་པར་བྱ་རྒྱུ་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་དམ་འཛིན་ནན་པོ་བྱེད་པ་འགོ་བཙུགས་ཏེ། ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་གཏན་འབེབས་གཙོ་བོར་འཇོག་དགོས། “ཡོད་པ་བདུན”ལ་དམ་པོར་དམིགས་པ་དང་། ཏང་ཡོན་ལས་བྱེད་པར་སྐུལ་མ་བཏང་ནས“འདུ་ཤེས་བཞི”ཆགས་པར་བྱེད་པ། “ངེས་པར་དུ་ལྔ”སྒྲུབ་པ་བཅས་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་གཙང་མ་ཡོང་བར་བྱས་ཏེ་སྐོར་གཟིགས་བྱ་ཡུལ་གྱི་ཏང་རྩ་འཛུགས་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་སྐུལ་མ་བཏང་ནས་ཕུགས་བསམ་གྱི་དད་སེམས་བརྟན་དུ་གཏོང་བ་དང་། མི་སྤྱོད་ཀྱི་ཁ་ཕྱོགས་ཡང་དག་ཆགས་པར་བྱེད་པ། སྤྱོད་ཚུལ་ལེགས་བཅོས་དང་མང་ཚོགས་དབར་འབྲེལ་བ་དམ་ཟབ། རུལ་སུངས་ཡོང་རྐྱེན་བསལ་ནས་ཆབ་སྲིད་ཁོར་ཡུག་ཡག་པོ་འཛུགས་སྐྱོང་བཅས་བྱེད་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་བཏང་ནས་སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ལ་སྐུལ་མ་བཏང་སྟེ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་ཀྱི་རང་བཞིན་དང་། དུས་རབས་ཀྱི་རང་བཞིན། རྩ་དོན་གྱི་རང་བཞིན། འཐབ་འཛིང་གི་རང་བཞིན་བཅས་ཆེ་རུ་གཏོང་དགོས།

    གསུམ། བློ་བརྟན་འགྱུར་མེད་ངང་ཆབ་སྲིད་སྐོར་གཟིགས་གཏིང་ཟབ་ཏུ་གཏོང་དགོས།

    སྐོར་གཟིགས་སྐོར་བཤེར་སྒྲིག་གཞི་དང་སྐོར་གཟིགས་སྐོར་བཤེར་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲས་ཏེ། ཆབ་སྲིད་དང་ལས་སྒོའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་ལ། ཆབ་སྲིད་ཐད་གནད་དོན་རྟོགས་པ་དང་གནད་དོན་ཐག་གཅོད་བྱེད་པར་མཁས་པ། ཆབ་སྲིད་ཀྱི“ཕྲ་མཐོང་ཆེ་ཤེལ”དང་ཆབ་སྲིད་ཀྱི“མཁའ་བཤེར་གློག་སྒྲོན”གྱི་ནུས་པ་འདོན་སྤེལ་ཐུབ་པ་བྱེད་དགོས།

    གཅིག་ནི་སྐོར་གཟིགས་འདུ་ཤེས་ཀྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་ནི་སྔར་ནས་བཟུང་ཆབ་སྲིད་ལ་སྣང་ཆེན་དང་ལས་སྒོར་སྣང་ཆེན་བྱེད་པ་ཞིག་ཡིན་ལ་ལྟེ་བ་ནི“ཏང་གི་འགོ་ཁྲིད་མཐའ་འཁྱོངས”ཞེས་པའི་ཆབ་སྲིད་ཀྱི་རྩ་དོན་གལ་ཆེ་ཤོས་དེ་རེད། ཏང་རྩ་འཛུགས་ལ་ཆ་མཚོན་ན། ལས་ཀ་ཚང་མ་“ལོ་བརྒྱ་གཉིས”ཀྱི་འཐབ་རྩོད་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་འབྲེལ་བ་དམ་ཟབ་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་གི་དགོངས་དོན་ཡང་དག་པར་མཚོན་དགོས་པ་དང་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་ལག་བསྟར་བྱེད་དགོས། ཏང་གི་འགོ་ཁྲིད་ལས་བྱེད་པར་ཆ་མཚོན་ན། ལས་ཀ་གཙོ་བོ་ནི་ཆབ་སྲིད་ཀྱི་ལས་ཀ་ཡིན་པས་ཏང་གི་འདོད་ཚུལ་དྲིལ་བསྒྲགས་དང་མང་ཚོགས་སྐུལ་སློང་བྱེད་པ་དང་། མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་ཀྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་དགོས། སྐོར་གཟིགས་སྐོར་བཤེར་གྱིས་དར་ཆ་གསལ་སྟོན་ངང་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ་ཕྱི་ཚུལ་ཙམ་དུ་མི་ལུས་པར་ལྟ་སྐུལ་དང་ཞིབ་བཤེར་བྱེད་དགོས་པ་དང་། སྐད་ཆར་ཉན་དགོས་ལ་དེ་བས་ཀྱང་སྤྱོད་ལམ་ལ་བལྟས་ནས་མཐར་ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དང་འཕེལ་རྒྱས་ལ་ཕན་ཐོགས་དང་གནོད་པ་ཡོད་མེད་ལ་ལྟ་དགོས། སྣང་ཚུལ་ནས་ངོ་བོར་བརྟག་རྒྱུར་མཁས་དགོས་ཏེ། སྤྱོད་ཚུལ་གྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་རྒྱབ་ངོས་ཀྱི་ལངས་ཕྱོགས་གནད་དོན་དང་ཆབ་སྲིད་གནད་དོན་སྔོག་པ་དང་། ལས་སྒོའི་ཐད་ལྷགས་པའི་གནད་དོན་ཤེས་རྟོགས་ཐུབ་པ་དེ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་རྒྱུ་དང་འབྲེལ་བ་བྱེད་པ། ཏང་རྩ་འཛུགས་དང་ཏང་གི་འགོ་ཁྲིད་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དངོས་འབྲེལ་བྱས་ཡོད་མེད་དང་ལས་སྒོའི་ལས་དོན་དེ་ཏང་གི་འགོ་ཁྲིད་འོག་ཏུ་བཞག་ཡོད་མེད་ལ་ལྟ་དགོས།

    གཉིས་ནི་སྐོར་གཟིགས་ཀྱི་ནང་དོན་གཙོ་གནད་མངོན་གསལ་དོད་པོ་དགོས། གཙོ་གནད་མེད་ཚེ་སྲིད་ཇུས་མེད་པས་གཙོ་གནད་སྟབས་བདེ་པོ་བྱེད་མི་རུང་། ཆབ་སྲིད་སྐོར་གཟིགས་བྱེད་པར“གནད་དོན་ཆེན་པོ་གསུམ”དང“འགན་འཁྲི་གཉིས”མངོན་གསལ་དོད་པོ་དགོས་པ་དང“འགག་རྩའི་ཉུང་ཤས”ལ་དམ་འཛིན་ནན་པོ་བྱས་ཏེ་གནད་དོན་ཤེས་རྟོགས་ཧུར་ཐག་ཐུབ་པ་བྱས་ནས་ཟིལ་གནོན་ཐུབ་པའི་རྨང་གཞིའི་ཐོག ང་ཚོས་བོད་ཀྱི་དམིགས་བསལ་རང་བཞིན་དང་དེ་བས་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་ལམ་ལུགས་ནན་པོའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས“འདུ་ཤེས་བཞི”ཡི་ཐད་ཀྱི་ཆབ་སྲིད་ཀྱི་ནོར་འཛོལ་གཙོ་གནད་ཐོག་ཞིབ་བཤེར་གྱིས་ཏང་རྩ་འཛུགས་ཀྱིས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱེད་པའི་ཐད་ཞིབ་ཕྲའི་བྱེད་ཐབས་ནུས་ལྡན་སྤྱད་ཡོད་མེད་དང་། ཏང་ཡོན་ལ་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་དང་ཆོས་ལུགས་ལ་དད་པ་བྱེད་པ་སོགས་ཀྱི་གནད་དོན་ཡོད་མེད་ལ་བལྟ་བ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ཀྱི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་རྣམ་འགྱུར་གྱི་མཚོན་ཚུལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དངོས་འབྲེལ་བརྒྱབ་མིན་ལ་བལྟ་བ། གཏམ་སྤྱོད་ཐད་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་དབྱེ་མཚམས་གསལ་པོ་བཅད་ཡོད་མེད་ལ་བལྟ་བ། ཁ་ཕྲལ་གཏོར་བཤིག་གི་གཏམ་སྤྱོད་ཐད་མདུང་རྩེ་ཁ་སྤྲོད་ཀྱིས་འཐབ་རྩོད་བྱེད་ཐུབ་མིན་ལ་བལྟ་བ། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་བྱེད་ཐབས་ཐོག་ནས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་སོགས་ལ་ལྟ་སྟངས་འཛིན་པའི་མངོན་གསལ་དོད་པའི་གནད་དོན་ཡོད་མེད་ལ་བལྟ་བ་བཅས་བྱེད་དགོས།

    གསུམ་ནི་སྐོར་གཟིགས་བྱེད་སྟངས་གང་ལ་གང་འཚམ་དགོས། རྒྱུན་གཏན་གྱི་སྐོར་གཟིགས་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆེད་དོན་སྐོར་གཟིགས་དང་། བབ་བསྟུན་རྣམ་པའི་སྐོར་གཟིགས། “ཕྱིར་མིག་ལྟ་བ”སོགས་ཀྱི་བྱེད་ཐབས་གང་ལ་གང་འཚམ་སྤྱད་དེ་ཆབ་སྲིད་སྐོར་གཟིགས་ཀྱི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་གཏོང་དགོས། ཆེད་དོན་སྐོར་གཟིགས་དང་བབ་བསྟུན་རྣམ་པའི་སྐོར་གཟིགས་བྱེད་པར་ཆབ་སྲིད་ཐད་སྟངས་འཛིན་བྱེད་པ་དང་ཞིབ་ཕྲའི་གནད་དོན་ཤེས་རྟོགས་བྱས་ནས་ཟུར་བལྟས་ལེབ་མཐོང་ཡོང་བ་བྱེད་དགོས། “ཕྱིར་མིག་ལྟ་བའི”ཐད་ཆབ་སྲིད་བསྐྱར་ཞིབ་ཀྱི་ཁྱད་ཆོས་མངོན་གསལ་དོད་པོས་གནད་དོན་རྙིང་པ་བཙལ་འཚོལ་བྱས་ནས་ཆབ་སྲིད་ཀྱི་འགན་འཁྲི་ཤུགས་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་སྐོར་གཟིགས་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པ་མ་ཟད། གནད་དོན་གསར་པ་ཤེས་རྟོགས་ཐུབ་པ་དང་ཐག་གཅོད་ཐུབ་མེད་པའི་གནད་དོན་སླར་ཡང་ཤེས་རྟོགས་བྱ་རྒྱུར་དེ་བས་སྣང་ཆེན་བྱས་ཏེ“ཤིང”དང“ནགས་ཚལ”ལྟ་བུའི་འབྲེལ་བའི་གནས་སྟངས་དབྱེ་ཞིབ་དང་ཁོང་དུ་ཆུད་པ་བྱ་རྒྱུར་སྣང་ཆེན་བྱེད་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཐད་གནས་པའི་མངོན་གསལ་དོད་པའི་གནད་དོན་ཤེས་རྟོགས་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་སྒྲིག་ལམ། ཆབ་སྲིད་ཀྱི་འགན་འཁྲི་ཁུར་ཐུབ་པ་བཅས་ལ་གཙོ་གནད་ཐོག་དོ་ཁུར་བྱས་ཏེ་ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལག་བསྟར་གྱི་གནས་ཚུལ་ལ་ཞིབ་བཤེར་བྱ་ཤུགས་ཆེ་རུ་བཏང་ནས་གནད་དོན་ཤེས་རྟོགས་ཧུར་ཐག་ཐུབ་པ་དང་མི་དང་། གནད་དོན། ཞིབ་ཆ་བཅས་ཤེས་རྟོགས་ཐུབ་པ་བྱས་ནས་སྟབས་ལེགས་ཀྱི་བསམ་བློ་ལྡན་མཁན་ཚོས་རྟག་ཏུ་ཟིལ་གནོན་གྱི་རྣམ་པ་ཤེས་རྟོགས་ཐུབ་པ་བྱེད་དགོས།

    བཞི་ནི་སྐོར་གཟིགས་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སྐོར་གཟིགས་དང་སྐོར་བཤེར་བྱེད་མཁན་ལས་བྱེད་པ་ཚོས་ཆབ་སྲིད་ཀྱི་བྱང་ཚད་དང་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་ནི་ཆབ་སྲིད་ཀྱི་སྐོར་གཟིགས་བྱེད་ཟབ་ཏུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་ཞིག་རེད། མི་གཞན་གྱི་ཆབ་སྲིད་གནས་བབ་ལ་ཞིབ་བཤེར་བྱས་ཚེ་རང་ཉིད་ཀྱི་ཆབ་སྲིད་གནས་བབ་མཐོ་རུ་འགྲོ་ཐུབ་པ་མ་ཟད། བསམ་བློའི་གོ་རྟོགས་དང་ཆབ་སྲིད་ཀྱི་ཆུ་ཚད་མཐོ་ཚད་ངེས་ཅན་ཞིག་ཏུ་སླེབས་ནས་གླེང་མོལ་བྱེད་སྐབས་གནད་ལ་འཁེལ་བ་ཞིག་བྱེད་ཐུབ་པ་དང་། གནད་དོན་སྐད་ཆ་འདྲི་སྐབས་གནད་ལ་འཁེལ་ཐུབ་པ། དབྱེ་ཞིབ་མཐིལ་རྟོགས་པ་ཞིག་བྱེད་ཐུབ་པ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་བསྲུངས་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དང་བསྟུན་ནས་ཕྱོགས་ཡོངས་དང་ཆ་ལག་ཚང་བའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་ལམ། ཏང་གི་སྒྲིག་ཁྲིམས་བཅས་དང་། ལྷག་པར་དུ་གསར་དུ་བཟོ་བཅོས་བརྒྱབ་པའི་སྲོལ་ཡིག་ལ་སློབ་སྦྱོང་ཡག་པོ་བྱས་ཏེ་རིག་པ་བསྒྲིམས་ནས་སློབ་སྦྱོང་བྱས་ཏེ་སློབ་སྦྱོང་བྱས་ནས་གོ་རྟོགས་བསད་ཐུབ་པ་དང་རིག་པ་བསྒྲིམས་ནས་ལས་དོན་བསྒྲུབས་ཏེ་ལག་ལེན་ལ་མཛུབ་ཁྲིད་ཀྱིས་བསམ་བློ་ཐོངས་བ་དང་། གསལ་པོ་ཤོད་ཐུབ་པ། ལས་དོན་ཡག་པོ་སྒྲུབ་ཐུབ་པ་བཅས་དངོས་འབྲེལ་བྱེད་ཐུབ་པ་བྱས་ནས་བློ་བརྟན་འགྱུར་མེད་ངང་ཆབ་སྲིད་ཀྱི་སྐོར་གཟིགས་བྱེད་ཟབ་ཏུ་བཏང་སྟེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།