[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བཏོད།

    ——ལྗོངས་ཡོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་མཚམས་ཚིགས་གསུམ་པའི་སྒྲིལ་གླེང་གསུམ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-12

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་མཚམས་ཚིགས་གསུམ་པ་སྟེ“ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན་བྱེད་པའི”བྱེད་སྒོ་སྤེལ་བ་ནས་བཟུང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གིས་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་དམ་འཛིན་ལ་སྣང་ཆེན་བྱེད་པ་དང་། “མང་ཚོགས་དང་འབྲེལ་གཏུག་བྱ་རྒྱུ”སྒྲོག་འགྲེལ་དང་ཁྱབ་སྤེལ་བྱས་པ། འབེན་ཡོད་སར་མདའ་འཕངས་ཏེ་དངོས་ཕན་དོན་གཉེར་བཅས་བྱས་པས་བྱེད་སྒོར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དེ་བས་ལེགས་པའི་སྒོ་ནས་བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་རྒྱུར་སྐུལ་སློང་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བཏོད་ཡོད་པ་རེད།

    བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་དོན་འཁྱོལ་ལ་སྣང་ཆེན་བྱས་པ།

    བཀོད་སྒྲིག་བཅུ་ཆ་གཅིག་དང་དོན་འཁྱོལ་བཅུ་ཆ་དགུ་བྱས་ཤིང་། ལྗོངས་ཏང་ཨུད་ཀྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་ཐབས་ཇུས་བཀོད་སྒྲིག་བྱས་རྗེས་གྲོང་ཨུད་དང་ས་ཨུད་ཁག་གིས་ཚད་མཐོའི་མཐོང་ཆེན་དང་འཕྲལ་དུ་བྱ་སྤྱོད་སྤེལ་ནས་བརྗོད་དོན་གཙོ་བོར་འགྱུར་ལྡོག་མི་གཏོང་བ་དང་། ནང་དོན་ཉུང་འཕྲི་མི་བྱེད་པ། གོ་རིམ་སྟབས་བདེར་མི་གཏོང་བ། བླང་བྱ་དམའ་རུ་མི་གཏོང་བ་བཅས་དོན་འཁྱོལ་ནན་པོ་བྱས་པས་བྱེད་སྒོར་གཡོ་ཟོལ་མེད་པ་དང་། སྟོང་བཤད་མི་བྱེད་པ། ཕྱི་ཚུལ་ཙམ་དུ་མི་འགྱུར་བ་བཅས་ཀྱི་འགན་ལེན་བྱས་པ་རེད།

    ནག་ཆུ་ས་ཁུལ་གྱིས་ས་ཁུལ་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་མི་གྲངས་10921ལས་གྲུབ་པའི་སྒྲོག་འགྲེལ་ཚོགས་པ་6584བཙུགས་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་བརྗོད་པ་དང་མང་ཚོགས་ཀྱི་དོགས་ཡོད་དཀའ་གནད་བསལ་ཏེ་མང་ཚོགས་ཀྱི་ཞུགས་སེམས་ཆེ་རུ་བཏང་བ་རེད། ཏང་ཡོན་དང་། གྲོང་ཚོའི་ལས་བྱེད་པ། ལས་བྱེད་པ་རྒན་གྲས། ཕྱུག་འགྱུར་སྣེ་ཁྲིད་པ་བཅས་སྐུལ་སློང་བྱས་ཏེ་རིགས་ཁག་གི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས་པ་དང་། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཡན་ལག་རུ་ཁག་ཆུང་ངུ་བཙུགས་ཏེ་ངོ་ཐུག་གདོང་འཕྲད་དང་ཚིག་གཏད་ཚིག་གིས་སྒྲོག་འགྲེལ་བྱས་པ་དང་སྒྲོག་འགྲེལ་བྱེད་སྟངས་སྣུར་སྲིང་བྱས་པས་སྒྲོག་འགྲེལ་ལས་དོན་ཁྱོན་ཡོངས་ལ་ཁྱབ་པ་རེད།

    བརྗོད་དོན་གཙོ་བོའི་སློབ་གསོར་བརྟེན་ནས་མང་ཚོགས་དང་ཉེ་བཅར་བྱས་པ།

    རྣམ་པ་ལྟ་འདོད་ཅིང་ཉན་སྤྲོ་བ་དང་ནང་དོན་དེ་བས་མང་ཚོགས་དང་ཉེ་བཅར་བྱེད་པ་ནི་རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས“ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན་བྱེད་པའི”སྒྲོག་འགྲེལ་སློབ་གསོའི་ཤུགས་རྒྱག་ས་ཞིག་རེད།

    མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་རི་ཁུག་གྲོང་ཚོས་སྐད་འཕྲིན་གྱི་ཁྱབ་སྤེལ་མགྱོགས་པ་དང་། རྩོམ་སྒྲིག་བྱ་ཆོག་པའི་ནང་དོན་ཕུན་སུམ་ཚོགས་པ། སྤེལ་རེས་བྱེད་ནུས་ཆེ་བ་སོགས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་གྲོང་ཚོ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཁྲོད“སྐད་འཕྲིན་སློབ་ཚན་ཚོགས་པ”བཙུགས་ཏེ་ཉིན་ལྟར་ལྗོངས་ཡོངས་ཀྱི་ས་གནས་ཁག་ཏུ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་སྤེལ་བའི་དཔེ་མཚོན་གྱི་ཉམས་མྱོང་བྱེད་ཐབས་དང་། ངོ་མཚར་ཆེ་བའི་བརྙན་ལམ། མི་སེམས་འགུལ་བའི་གཏམ་རྒྱུད་བཅས་གྲོགས་ཚོགས་ནང་བསྐུར་ནས་དུས་ཐོག་ཏུ་མཉམ་སྤྱོད་དང་སྤེལ་རེས་བྱེད་ཀྱི་ཡོད་པ་རེད། གཟའ་འཁོར་རེར་གྲོགས་ཚོགས་ནང་དགོད་བྲོ་བའི་དྲི་ལན་འདེབས་པའི་བྱེད་སྒོ་སྤེལ་ནས་ལན་འདེབས་གྲངས་མང་བ་དང་ལན་འདེབས་སྟངས་ཡང་དག་པའི་མང་ཚོགས་ལ་འབོར་ཉུང་གི་ཤོག་ཆག་བྱ་དགའ་སྤྲོད་པ་དང་བསྔགས་བརྗོད་བྱེད་ཀྱི་ཡོད་པ་རེད།

    འབེན་ཡོད་སར་མདའ་འཕངས་ཏེ་ཕན་པ་དངོས་དོན་གཉེར་བྱས་པ།

    “ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན་བྱེད་པའི”སྒྲོག་འགྲེལ་བྱེད་སྒོའི་ཁྲོད་གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་སོ་སོའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་བཀོད་སྒྲིག་ཞིབ་ཚགས་དང་བྱ་ཐབས་གསར་གཏོད་ཀྱིས་བྱེད་སྒོར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པའི་འགན་ལེན་བྱས་ཡོད་པ་རེད།

    གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་གི་འབྲོག་པ་མང་ཚོགས་མང་ཆེ་བས་ལོ་འཁོར་མོར་ཐག་རིང་ལུང་ཁུག་འབྲོག་ཁུལ་དུ་འཚོ་བ་བསྐྱལ་ནས་སྐྱ་སྤོས་ཕྱུགས་འཚོ་དང་རྩྭ་བཟང་སར་གནས་སྡོད་བྱེད་ཀྱི་ཡོད“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་བྱེད་སྒོ་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་གཏིང་ཟབ་སྤེལ་ཐུབ་ཆེད། ས་དགའ་རྫོང་གིས“རྟ་ཐོག་གི་སྒྲོག་འགྲེལ་རུ་ཁག”ཅིག་བཙུགས་ཏེ། ལ་ཀླུང་བརྒལ་ཏེ་རི་གསེབ་དང་རྩྭ་ཐང་བཅས་སུ་བསྐྱོད་པ་དང་། འཁོར་རིགས་སྐྱོད་ཐབས་བྲལ་བའི་ཀྱག་ཀྱོག་ལམ་ཆུང་བརྒྱུད་དེ“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་། དམངས་ཕན་དམངས་བདེའི་སྲིད་ཇུས་ཁག་གོ་བདེ་ཞིང་ཤེས་སླ་བའི་སྐད་ཆས་དུས་ཐོག་ཏུ་མང་ཚོགས་ལ་བརྒྱུད་བསྒྲགས་བྱས་པ་དང་། ཡངས་ཤིང་རྒྱ་ཆེ་བའི་འབྲོག་ཁུལ་གྱི་ལ་ཀླུང་གང་སར་བརྒྱུད་སྤྲོད་བྱས་པར་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་པ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་སྔར་བས་མི་སེམས་སུ་ཟུག་པ་རེད།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་བ་དང་ཆབས་ཅིག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་བས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་གསོན་ཤུགས་གསར་པ་འཕེལ་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།