[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཏང་ཡོན་ལས་བྱེད་པ་རྒྱན་འགྱེད་ནང་ཞུགས་རྒྱུ་མཚམས་འཇོག་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-11

    ཉིན་ཤས་གོང་རང་སྐྱོང་ལྗོངས་སྒྲིག་ཨུད་ལས་ཁུངས་དང་། ལྗོངས་སྤྱི་བདེ་ཐིང་། ལྗོངས་ལྟ་ཞིབ་ཐིང་བཅས་ཀྱིས་མཉམ་འབྲེལ་ཐོག《གུང་ཁྲན་ཏང་ཡོན་དང་རྒྱལ་ཁབ་ཀྱི་ལས་དོན་མི་སྣས་རྒྱན་འགྱེད་དམ་ཡང་ན་རྒྱན་འགྱེད་ཀྱི་ངོ་བོ་ལྡན་པའི་རོལ་རྩེད་བྱེད་སྒོའི་ནང་ཞུགས་རྒྱུ་གཏན་འགོག་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད། ཉེ་ཆར་སྨྱན་སྦྱོར་ཐོག་སླར་ཡང་གནས་ཚུལ་སྤེལ་བར་གཞིགས་ན། ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ཀྱིས་མངགས་གཏོང(བཅའ་སྡོད)བྱས་པའི་སྒྲིག་གཞི་ཁག་གིས་རྒྱན་འགྱེད་ནང་ཞུགས་པ་དང་རྒྱན་འགྱེད་དང་འབྲེལ་བ་ཡོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཏེ། ལྟ་སྐུལ་ཞིབ་བཤེར་དང་། ཉེན་གཏོང་སློབ་གསོ། རང་བཤེར་རང་བཅོས་སོགས་ཀྱི་བྱ་ཐབས་བརྒྱུད་ཆེད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱན་འགྱེད་ནང་ཞུགས་པ་དང་རྒྱན་འགྱེད་དང་འབྲེལ་བ་ཡོད་པའི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་གཅིག་ཤེས་རྟོགས་ཐུབ་ཚེ་དེ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་རྒྱ་ཡན་དུ་གཏན་ནས་གཏོང་རྒྱུ་མིན་པ་རེད། བྱ་ཐབས་རབ་དང་རིམ་པ་དེ་དག་ནི་རང་ལྗོངས་ཀྱིས་ཏང་ཡོན་ལས་བྱེད་པས་རྒྱན་འགྱེད་ཀྱི་སྤྱོད་ཚུལ་ངན་པ་བཀག་འགོག་བྱེད་པའི་དོན་དངོས་ཀྱི་བྱ་སྤྱོད་ཅིག་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ནན་པོས་སྐྱོང་བ་དང་ཁྲིམས་སྲོལ་བཞིན་ཏང་སྐྱོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཁྲིམས་སྲོལ་ལམ་ལུགས་ཐོག་ནས་ཏང་ཡོན་འགོ་ཁྲིད་ལས་བྱེད་པར“རྒྱན་འགྱེད་བཀག་འགོག”གི“གྱང་མཐོ་པོ”ཞིག་བསྐྲུན་ཡོད། འོན་ཀྱང་ཉེ་བའི་ལོ་ཤས་རིང་། རྒྱན་པོ་འགྱེད་པ་ལས་བྱུང་བའི་ཁྲིམས་འགལ་ཉེས་གསོག་གི་གྱོད་གཞི་སྔར་བཞིན་ཐོན་གྱི་ཡོད། ད་དུང་ཏང་ཡོན་ལས་བྱེད་པ་ཁག་གཅིག་རྒྱན་འགྱེད་ལ་དབྱིངས་ཞུགས་ནས་རྒྱན་འཛུགས་མ་རྩ་ཧ་ཅང་མཐོ་བའི“མཐིལ་མེད་ས་དོང”ནས་དོན་ཐུབ་ཀྱི་མེད། དེའི་དབང་གིས་ཏང་སྒྲིག་རྒྱལ་ཁྲིམས་སྣང་མེད་དུ་བརྩིས་ཏེ་ལག་ཐོག་གི་དབང་ཆ་བེད་སྤྱད་ནས་ལྐོག་ངན་སྤྲོད་ལེན་དང་། རྒྱུ་ནོར་ལྐོག་ཟ་དང་གཞུང་དངུལ་གཞན་སྤྱོད་བྱེད་ཀྱི་ཡོད་པས་རྒྱལ་ཁབ་ཀྱི་རྒྱུ་ནོར་འབོར་ཆེན་དོན་མེད་འཕྲོ་བརླག་འགྲོ་བ་མ་ཟད། ད་དུང་རང་ཉིད་ཀྱང་སྒྲིག་འགལ་ཁྲིམས་འགལ་གྱི་གནས་སུ་གྱར་བཞིན་ཡོད།

    ཏང་ཡོན་ལས་བྱེད་པས་བདེ་ཐང་གི་འཚོ་བའི་སྤྲོ་སྣང་འཕེལ་བ་བྱས་ནས་རྒྱན་འགྱེད་ནང་མི་ཞུགས་པ་དང་རྒྱན་འགྱེད་མི་བྱེད་པར་རྒྱན་འགྱེད་སོགས་ཀྱི་ཚུལ་མིན་སྤྱོད་ཚུལ་གཏན་འགོག་བྱེད་པ་ནི་སྟོན་ཕྱོགས་དང་དཔེ་སྟོན་ཞིག་རང་ཡིན་ཞིང་། དམངས་དང་སྤྱི་ཚོགས་ཀྱི་གོམས་སྲོལ་ལེགས་སུ་གཏོང་བ་དང་ཤེས་དཔལ་བདེ་ཐང་གི་སྤྱི་ཚོགས་རྣམ་པ་གཏོད་རྒྱུར་ཕན་པ་ཡོད། རྒྱན་འགྱེད་ཀྱི་སྤྱོད་ཚུལ་ངན་པ་བཀག་འགོག་བྱེད་པར་ངེས་པར་དུ་སྤྱོད་ཚུལ་གྱི་ཞན་ཆ་དང་བྱ་སྤྱོད་ཀྱི་སྐྱོན་ཆ་སེལ་བ་དང་། ཐ་མལ་དང་། སྒྱིད་ལུག ལེ་ལོ་བཅས་ཀྱི་གནད་དོན་བཅོས་སྒྲིག་དང་སྙིང་སྟོབས་རབ་འཕེལ་ཡོང་བ་དང་ལས་ཁུངས་ཀྱི་སྤྱོད་ཚུལ་དག་ཐེར་བྱེད་དགོས། ཕྱོགས་གཅིག་ནས་ཁྲིམས་འགལ་སྒྲིག་འགལ་ལ་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམ་ཁག་ཏང་སྲིད་ལས་ཁུངས་ཀྱིས་ནང་ཁུལ་ལྟ་སྐུལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དམ་ཞིང་ནན་པའི་ལམ་ལུགས་འཐུས་ཚང་ཞིག་བཟོས་ཏེ་སྒྲིག་བཤེར་དང་། ཞིབ་དཔྱོད། སྤྱི་བདེ་བཅས་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་སྒྲིག་ཁྲིམས་ཀྱི་གཏན་འབེབས་ལས་འགལ་ནས་རྒྱན་འགྱེད་ནང་ཞུགས་རིགས་ལ་རྒྱན་འགྱེད་མ་རྩ་ཆེ་ཆུང་ལ་མ་བལྟོས་པར་གཅིག་ཤེས་རྟོགས་ཐུབ་ཚེ་དེ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་རྒྱ་ཡན་དུ་གཏན་ནས་མི་གཏོང་བར“ར་བསད་ལུག་འདར”གྱི་ནུས་པ་ཐོན་པ་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། “ལམ་ལུགས”ལ་བརྟེན་ནས་རྒྱན་འགྱེད་སྔོན་འགོག་བྱེད་རྒྱུ་ནི་རྒྱན་འགྱེད་གཏན་འགོག་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། ཚན་པ་ཁག་དང་འགན་ནུས་སྡེ་ཚན་ཁག་གིས“སུས་དོ་དམ་གཙོ་བོ་བྱེད་པ་དེས་འགན་འཁུར་བའི”རྩ་དོན་གཞིར་བཟུང་། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་ཏེ་ཚན་པ་དེ་གའི་ཏང་ཡོན་ལས་བྱེད་པར“ཆུ་ཚོད་བརྒྱད་ཕུད་པའི”ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། ཏང་ཡོན་ལས་བྱེད་པ་རྒྱན་འགྱེད་ནང་ཞུགས་པ་ཤེས་ཚེ་ཁྲིམས་སྲོལ་བཞིན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། རྒྱན་འགྱེད་གཏན་འགོག་བྱེད་པ་དང་དུས་མཚུངས་ཡང་དག་པའི་ཁྲིད་སྟོན་དང་སློབ་གསོ་གཏོང་རྒྱུར་ཡང་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་ལས་བྱེད་པར་བདེ་ཐང་ཤེས་དཔལ་དང་ཧུར་བརྩོན་ཡར་ཐོན་གྱི་འཚོ་བ་སྐྱེལ་སྟངས་འཇགས་པར་སྣེ་ཁྲིད་བྱེད་པ་དང་བདེ་ཐང་གི་འཚོ་བའི་སྤྲོ་སྣང་འཕེལ་བ་བྱས་ཏེ་དུས་རྒྱུན་དུ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།