[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྙན་གྲགས་ཀུན་ལ་ཁྱབ་པའི་སྨར་ཁམས་ཀྱི་རྒུན་ཆང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-23

    ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་འཇང་གྲོང་ཚོའི་མགོ་ལྷ་སྒྲོལ་མའི་ཁྱིམ་གྱི་སྒོ་རའི་ནང་སྤྲོ་སྣང་དོད་པའི་ཆང་གཞས་གཏོང་བ་དང་རྒུན་ཆང་གི་བྲོ་བ་མྱོང་བཞིན་མཆིས།

    འཇང་མི་རིགས་ཤང་དུ་གྲོང་མི་ཚང་མས་རྒུན་འབྲུམ་འདེབས་པ་དང་ཁྱིམ་ཚང་ཚང་མས་རྒུན་ཆང་སྙོལ་ཤེས་ཀྱི་ཡོད། ས་གནས་དེ་གའི་རྒུན་ཆང་སྙོལ་བའི་ལོ་རྒྱུས་ལོ་བརྒྱ་ལྷག་ཙམ་ཡོད་པ་དང་ད་ཆ་རྒུན་འབྲུམ་ཐོན་ལས་དེ་འཇང་མི་རིགས་ཤང་གི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“མིང་བྱང”དུ་གྱུར་ཡོད།

    “འདི་གར་བཏབ་པའི་རྒྱ་སེ་རྒུན་འབྲུམ་གྱི་ཁ་དོག་དམར་སྨུག་ཡིན་ཞིང་རྡོག་པོ་ཆེ་བ་དང་བྲོ་བ་ཧ་ཅང་ཞིམ་པོ་ཡོད། འདེམས་སྒྲུག་རྒྱག་པ་དང་། གཙང་འཁྲུད། སྙོལ་བ་སོགས་ཀྱི་བརྒྱུད་རིམ་བརྒྱུད་རྒུན་ཆང་ཞིམ་པོ་དེ་ཆགས་ཡོད”ཅེས་སེམས་རྩ་འཁོལ་བའི་མགོ་ལྷ་སྒྲོལ་མས་མགྲོན་པོར་རྒུན་ཆང་བླུགས་བཞིན་དེ་ལྟར་ངོ་སྤྲོད་བྱས། རྒུན་ཆང་དེ་ས་གནས་དེ་གའི་ཡུལ་ཟོག་ལ་གྱུར་ཡོད། རང་ཉིད་ཀྱིས་འཐུང་བ་ཕུད་ད་དུང་ས་ཕྱོགས་གང་ས་ནས་ཡོང་བའི་ཡུལ་སྐོར་བར་འཚོང་གི་ཡོད་པས་གྲོང་མི་མི་ཉུང་བ་ཞིག་གི་ཕྱུག་འགྱུར་འབབ་འཕར་གྱི་ལམ་བུ་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད།

    འཇང་མི་རིགས་ཤང་དུ་གྲོང་མི་རང་ཉིད་ཀྱིས་རྒུན་ཆང་ཕྱིར་ཚོང་བྱེད་པ་ཕུད། ད་དུང་སྣེ་འདྲེན་ཁེ་ལས་ཀྱིས་དཔེ་སྟོན་སྣེ་ཁྲིད་བྱས་ནས་གྲོང་མི་དེ་བས་མང་བར་ཐོན་ལས་འཕེལ་རྒྱས་ལས་བྱུང་བའི་ཁེ་སྤོགས་བགོ་བཤའ་རྒྱག་གི་ཡོད།

    སྨར་ཁམས་རྫོང་བོད་ཤར་ནོར་བུ་ཆང་ལས་ཚད་ཡོད་ཀུང་སིའི་དེང་རབས་ཅན་གྱི་རྒུན་ཆང་བཟོ་གྲྭ་ཞིག་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། “ཀུང་སིས་ཆུ་ཤེལ་ཨ་རག་དང་བདག་དམར་གཡང་གྲས་ཀྱི་ཐོན་རྫས་རིགས་10གསར་སྤེལ་བྱས་པ་དང་ལོ་རེར་རྒུན་ཆང་ཏུན་200ལྷག་ཙམ་ཐོན་སྐྱེད་བྱས་པར་རིན་ཐང་སྒོར་ཁྲི་3000ལྷག་ཙམ་ཟིན་གྱི་ཡོད”ཅེས་སྨར་ཁམས་རྫོང་བོད་ཤར་ནོར་བུ་ཆང་ལས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་བློ་བཟང་ཚེ་རིང་གིས་བཤད།

    རྒུན་ཆང་ལས་གཏོད་ཀྱི་ཁ་ཕྱོགས་སུ་བརྩི་དོན་སྐོར་གླེང་སྐབས། བློ་བཟང་ཚེ་རིང་གིས་ཁྱད་འཕགས་ཀྱི་རང་བྱུང་ཆ་རྐྱེན་དང་ཐུན་མོང་མ་ཡིན་པའི་བརྩེ་སེམས་ནི་རྒྱུ་རྐྱེན་གལ་ཆེན་གཉིས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། “ང་ཚོའི་ཕ་ཡུལ་ནི་སྐམ་ཚའི་ལུང་ཤུར་དུ་གཏོགས་པས་རྒུན་འབྲུམ་སྐྱེ་འཚར་ལ་འཚམ་པོ་ཡོད། དེ་དང་ཆབས་ཅིག་ས་བབ་མཐོ་བ་དང་ས་མཐོའི་སྐྱེ་ལྡན་བཟའ་བཅའ་ནི་འཛད་སྤྱོད་པས་དགའ་པོ་བྱེད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཀྱང་རེད”ཅེས་བློ་བཟང་ཚེ་རིང་དེ་གར་སྤུས་ལེགས་ཀྱི་རྒུན་ཆང་ཐོན་སྐྱེད་ཐུབ་པའི་ཡིད་ཆེས་ཀྱིས་ཁེངས་ཡོད།

    “ངས་མི་དེ་བས་མང་བས་ས་མཐོའི་རྒུན་ཆང་གི་བྲོ་བ་མྱོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”དམིགས་ཚད་དེ་མངོན་འགྱུར་བྱ་ཆེད། ངས་ཆེད་མངགས་ནུབ་བྱང་ཞིང་ལས་སློབ་ཆེན་རྒུན་འབྲུམ་དང་རྒུན་ཆང་ཆེད་ལས་སུ་ཟབ་སྦྱོང་ལ་བསྐྱོད་དེ། ཁྱིམ་གྱི་རྒྱུ་ནོར་ཚང་མ་མ་འཇོག་བྱས་པ་དང་དངུལ་བུན་སྒོར་ཁྲི་90གཡར་ནས་ལས་གཏོད་བྱེད་འགོ་བཙུགས་པ་ཡིན། “ཚྭ་ཁ་ལྷོའི་རྒུན་ཆང་རི་ཁུལ་ནས་ཕྱིར་གཏོང་བར་ངེས་པར་དུ་སྔོན་ལ་དེང་རབས་ཅན་གྱི་ལག་རྩལ་ནང་འདྲེན་བྱེད་དགོས”ཞེས་བློ་བཟང་ཚེ་རིང་གིས་བཤད།

    ཁེ་ལས་འཕེལ་རྒྱས་ཕྱིན་པ་ལས་མང་ཚོགས་ལ་འབབ་འཕར་གྱི་ཕན་འབྲས་ཀྱང་རིམ་བཞིན་ཐོབ། སྨར་ཁམས་རྫོང་གི་རྒུན་ཆང་ཀུང་སི་མང་པོ་ཞིག་གིས“ཁེ་ལས་དང་། མཐུན་ཚོགས། རྟེན་གཞི། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་རྣམ་པ་བརྒྱུད། ཉེ་འགྲམ་གྱི་ཤང་དང་གྲོང་རྡལ་གྱི་མང་ཚོགས་རྒུན་འབྲུམ་འདེབས་པར་སྐུལ་ཁྲིད་བྱས་ཤིང་། བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔར་རྫོང་ཡོངས་སུ་རྒུན་འབྲུམ་འདེབས་ཁྱོན་མུའུ་ཆིག་ཁྲི་ལྷག་ཙམ་ཟིན་པ་དང་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་8000ལྷག་ཙམ་ཟིན་གྱི་ཡོད་པ་རེད།

    སྨར་ཁམས་རྫོང་གིས་རྒུན་ཆང་དེ་ཁྱད་ལྡན་ཐོན་ལས་གཙོ་བོར་བརྩིས་ནས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་། མིག་སྔར་རྒུན་ཆང་ཁེ་ལས་6ཡོད་པ་དང“སྨར་ཁམས་ཀྱི་རྒུན་འབྲུམ”ལ་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ས་ཁམས་མཚོན་རྟགས་ཀྱི་ཁས་ལེན་ར་སྤྲོད་ཐོབ་ཡོད་པ་རེད།

    “ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཕྱིན་པ་དང་ཟུང་འབྲེལ་བྱས་ཏེ་སྨར་ཁམས་ཀྱི་རྒུན་ཆང་རིག་གནས་སྔོག་འདོན་བྱེད་རིན་ཆེན་པོ་ཡོད། ཀུང་སིས་རྒུན་ཆང་གྲོང་གྲབས་འཛུགས་དང་ཨ་རག་བཟོ་ཁང་དང་འགྲེམས་ཁང་བཙུགས་ནས། ཡུལ་སྐོར་བ་རྒུན་ཆང་གྲོང་དུ་ལྟ་སྐོར་དང་སྤྲོ་གསེང་ལ་ཡོང་རྒྱུའི་ཡིད་དབང་བཀུག་པ་དང་འབྲེལ། དྲ་ཐོག་དང་དྲ་ཕྱི་ནས་སྤེལ་རེས་ཉམས་ལེན་བྱས་པ་བརྒྱུད། ཡུལ་སྐོར་བ་དང་འཛད་སྤྱོད་པས་ཐུན་མོང་མ་ཡིན་པའི་ས་མཐོའི་རྒུན་ཆང་གི་རིག་གནས་ཉམས་ལེན་ཐུབ་པ་བྱེད་རྩིས་ཡོད”ཅེས་བློ་བཟང་ཚེ་རིང་གིས་བཤད།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།