[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལ་དཔུང་འཇུག་དང་བཅིངས་འགྲོལ་གཏོང་བར་སྐྱོད་པའི་ལམ་བར་དུ་སྐུ་གཤེགས་མཁན་དང་པོ་དང་ཆུང་ཤོས་བུ་མོ་ནན་ནན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-02

    དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པར་མེས་རྒྱལ་གཅིག་གྱུར་དང་བོད་མི་དམངས་ཀྱི་རང་དབང་དང་བདེ་སྐྱིད་ཆེད་དུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་འཐབ་འཛིང་པ་མང་པོ་ཞིག་གིས་བོད་ལ་དཔུང་འཇུག་དང་བཅིངས་འགྲོལ་གཏོང་བར་སྐྱོད་པའི་ལམ་བར་དུ་རྩ་ཆེའི་ཚེ་སྲོག་ལེགས་སྐྱེས་སུ་ཕུལ་ཞིང་། འདི་གར་ཚང་མར་སྐབས་དེ་དུས་བོད་ལ་དཔུང་འཇུག་དང་བཅིངས་འགྲོལ་གཏོང་བར་སྐྱོད་པའི་ལམ་བར་དུ་སྐུ་གཤེགས་མཁན་ཆུང་ཤོས་བུ་མོ་ནན་ནན་གྱི་གཏམ་རྒྱུད་བརྗོད་རྒྱུ་ཡིན། 

    1950ལོའི་ཟླ་3ཚེས་7ཉིན། མི་དམངས་བཅིངས་འགྲོལ་དམག་དམག་སྡེ་བཅོ་བརྒྱད་པས་སི་ཁྲོན་ལེ་ཧྲན་དུ་བོད་སྐྱོད་དཔུང་འཇུག་དམ་འཇོག་ཚོགས་ཆེན་འཚོགས་པ་དང་། དམག་དཔོན་ཅུན་ཀྲང་ཀྲང་གོ་ཧྭ་ཡིས་འགྱིག་ཕྲུག་འདྲ་བའི་ལོ་གསུམ་ཡས་མས་ཀྱི་བུ་མོ་ཞིག་སྒལ་པར་འཁུར་ནས་ཚོགས་རར་ཞུགས། སྙིང་རྗེ་བའི་ཕྲུ་གུ་དེ་ནི་ཀྲང་གོ་ཧྭ་ཡི་བུ་མོ་ནན་ནན་ཡིན་པ་དང་། འཐབ་འཛིང་པ་ཚོས་བྱམས་བརྩེའི་ངང་དམག་མི་རྒན་གྲས་ནན་ནན་ཞེས་འབོད་ཀྱི་ཡོད། 

    དམག་དཔོན་ཅུན་ཀྲང་གིས་བུ་མོ་སྒལ་པར་འཁུར་ནས་དཔུང་འཇུག་དམ་འཇོག་ཚོགས་ཆེན་གྱི་ཚོགས་རར་ཕེབས་དོན་ནི། ང་ཀྲང་གོ་ཧྭ་ཡིས“བུ་མོ་སྒལ་པར་འཁུར་ནས་རྒྱང་སྐྱོད”བྱས་ཏེ་བོད་དུ་བསྐྱོད་རྒྱུའི་བློ་ཐག་བཅད་ཟིན་པ་དང་ལས་འགན་སྒྲུབ་པར་ཕྱིར་བཤོལ་མི་བྱེད་རྒྱུ་དམག་ཡོངས་ཀྱི་དཔོན་དམག་ཚོས་ཤེས་སུ་འཇུག་ཆེད་ཡིན། དམག་དཔུང་གི་འགོ་ཁྲིད་པ་གཙོ་བོའི་འབོད་སྐུལ་འོག་གཅིག་མཇུག་གཉིས་མཐུད་ངང་ཚང་མས་ཏང་ཀྲི་པུའུ་ལ་རེ་འདུན་ཞུ་ཡིག་ཕུལ་ཏེ་འཆི་དགོས་བྱུང་ཡང་བོད་ལ་བཅིངས་འགྲོལ་གཏོང་རྒྱུའི་དམ་བཅའ་བརྟན་པོ་བཞག

    ནན་ནན་ནི་ཀྲང་གོ་ཧྭ་དང་བཟའ་ཟླ་ཧྥན་ཅིན་ཀྲེན་གྱི་ཕྲུ་གུ་དང་པོ་ཡིན་པ་དང་། ལོ་དེར་ཧྥན་ཅིན་ཀྲེན་ཧོ་ནན་ཁའེ་ཧྥུང་དུ་གོ་མིན་ཏང་གི་དངུལ་ཁང་གཏོར་བའི་ལས་འགན་སྒྲུབ་པར་སྐྱོད་པའི་ལམ་བར་གྱི་གྲོང་ཚོ་ཞིག་ཏུ་གོ་མིན་ཏང་དམག་དཔུང་གིས་མཐའ་བསྐོར། སྐབས་དེར་ཕྲུ་གུ་བཙའ་ལ་ཉེ་བས་ས་འཁྱག་རྡོ་འཁྱག་གི་དུས་དེར་ཁོང་ཡུལ་མིའི་ལྷས་ར་ཞིག་ཏུ་ཡིབ་ནས་བུ་མོ་ནན་ནན་བཙའ་དགོས་འཁེལ་བ་དང་། འགལ་རྐྱེན་སྣ་ཚོགས་ལས་སྒྲོལ་རྗེས་མ་དང་བུ་མོ་གཉིས་ཉེན་ཁ་ལས་ཐར་ཙམ་བྱུང་བ་རེད། བུ་མོས་རང་ཉིད་བཙའ་བ་དང་གསོ་བའི་དུས་ཀྱི་དཀའ་སྡུག་དང་གུང་ཁྲན་ཏང་མིས་མྱངས་པའི་དཀའ་སྡུག་གི་ལོ་ཟླ་དེ་དག་སེམས་ལ་ངེས་ཕྱིར། ཧྥན་ཅིན་ཀྲེན་དང་ཀྲང་གོ་ཧྭ་ཡིས་བུ་མོའི་མིང་ལ“ནན་ནན”ཞེས་བཏགས། 

    བོད་སྐྱོད་དཔུང་སྡེ་གཡག་རྔ་ནས་དར་རྩེ་མདོར་ཐོན་གྲ་སྒྲིག་སྐབས། ཀྲང་གོ་ཧྭ་ཡིས་བོད་སྐྱོད་ཀྱི་དཀའ་སྡུག་དངོས་སུ་འཕྲད་ཉེར་ཡོད་པ་གསལ་པོར་ཤེས་མོད། ཡིན་ནའང་ཁོང་གིས་འཕྲད་ལ་ཉེ་བའི་ཚོད་བགམ་དང་ཚེ་སྲོག་དོར་རྒྱུར་བསམ་ཚོད་ལས་ཡོངས་སུ་འདས། དམག་ཁུལ་ཁང་དུ་བོད་སྐྱོད་གྲ་སྒྲིག་ལས་དོན་ཚོགས་འདུ་འཚོག་སྐབས་ཀྲང་གོ་ཧྭ་ལ་སྐུ་སྲུང་བའི་སྙན་ཞུ་འབྱོར་ནས། བུ་མོ་ནན་ནན་ནད་ཀྱིས་མནར་བ་དང་ཚ་བ་ཆེན་པོ་རྒྱས་ཏེ་ཨ་ཕ་ཞེས་ཐེངས་མང་འབོད་ཀྱི་འདུག་ཅེས་ཟེར། ཀྲང་གོ་ཧྭ་ཡིས་ཐེ་ཚོམ་ཡུད་ཙམ་བྱས་རྗེས“ང་ལ་དུས་ཚོད་མི་འདུག ཁྱོད་ཚོས་ལྟ་རྟོག་བྱེད་པར་སོང་དང”ཞེས་བརྗོད་ནས་སྔར་བཞིན་ཚོགས་འདུ་འཚོགས་ནས་ནམ་ཕྱེད་བར་བསྡད། ནན་ནན་ལ་དོས་དྲག་གློ་ཚད་ཕོག་པ་དང་སྨན་ཁབ་ཆི་མེ་སུའུ་གཅིག་བརྒྱབ་ཀྱང་ནད་གཞི་ཡང་དུ་སོང་མེད། སྐབས་དེ་དུས་ཀྲུང་གོ་གསར་པ་དབུ་བརྙེས་ཙམ་ཡིན་པས་བྱ་གཞག་ཁག་ཉམས་པ་སོར་དུ་ཆུད་རྒྱུར་ལུས་ནས་ཡོད་པ་མ་ཟད། སྐབས་དེ་དུས་བོད་སྐྱོད་མཁོ་སྤྲོད་ལ་དཀའ་ངལ་ཆེ་བས་བོད་སྐྱོད་ཀྱི་རོགས་སྐྱོར་སྨན་རྫས་ཧ་ཅང་དཀོན་པོ་ཡོད། སྨན་པས་ཤིན་ཏུ་དཀོན་པའི་སྨན་ཕན་ཉི་ཞི་ལིན་རྒྱག་རྩིས་བྱེད་སྐབས། ཧྥན་ཅིན་ཀྲེན་གྱིས་རྒྱག་ཏུ་མ་བཅུག་པར་ཁོང་གིས་སྨན་པར་འཐབ་འཛིང་པ་གཞན་ལ་དེ་བས་མཁོ་ཆེ་བས་ཁོང་ཚོར་འཇོག་རོགས་ཟེར། ཀྲང་གོ་ཧྭ་ཚོགས་འདུ་གྲོལ་ནས་སྨན་ཁང་དུ་འབྱོར་སྐབས་རྐང་ལག་གྲང་རྐྱང་ཆགས་པའི་བུ་མོ་ནན་ནན་མི་ཡུལ་ལས་གཏན་དུ་གྱེས། བཟའ་ཟླ་ཧྥན་ཅིན་ཀྲེན་གཞོགས་གཅིག་ཏུ་གྱེལ་ནས་སེམས་སྡུག་དྲག་པོས་ངུ་བཞིན་མཆིས། ཀྲང་གོ་ཧྭ་སེམས་སུ་གྲིས་བསྣུན་པ་ལྟར་ན་ཟུག་དྲག་པོ་ཞིག་བརྒྱབ་ནས་སྡུག་གིས་རབ་ཏུ་མནར་བ་དང་ལུས་པོ་འཚོ་མི་ཟིན་པར་གྱུར། བུ་མོ་ནན་ནན་གྱི་ཐད་ཁོང་ལ་གནོང་འགྱོད་ཆེན་པོ་ཞིག་ཡོད་རུང་། ཀྲང་གོ་ཧྭ་ཡིས་སེམས་སྡུག་དང་མིག་ཆུ་ཡོད་ཚད་ཁོག་ཏུ་སྦས། ཅུན་ཀྲང་ཞིག་ཡིན་པའི་ངོས་ནས་ཁོང་གིས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཡོད་ཚད་སྐྱེས་སུ་འབུལ་བའི་གྲ་སྒྲིག་བྱས་ཟིན། ཅུན་ཀྲང་གི་བཟའ་ཟླ་ཡིན་པའི་ཧྥན་ཅིན་ཀྲེན་གྱིས་ངེས་པར་དུ་དམག་ཡོངས་ཀྱི་བུད་མེད་བློ་མཐུན་རྣམས་ལ་དཔེ་སྟོན་བྱེད་དགོས་པས་བུ་མོ་ཚེ་ལས་འདས་པའི་སྡུག་བསྔལ་ཡོད་ཚད་ཁོག་ཏུ་སྦས། མེས་རྒྱལ་གཅིག་གྱུར་དང་བོད་མི་དམངས་ལ་བཅིངས་འགྲོལ་གཏོང་ཆེད་དུ་ཀྲང་གོ་ཧྭ་དང་ཧྥན་ཅིན་ཀྲེན་གཉིས་ཀྱི་ཕྲུ་གུ་དང་པོ་ནན་ནན་མེད་པར་གྱུར། 

    ལོ་དེར། བུ་མོ་ནན་ནན་ལོ་གསུམ་ཡིན་པ་དང་ཁོང་ནི་དམག་སྡེ་བཅོ་བརྒྱད་པས་བོད་དུ་དཔུང་འཇུག་དང་བཅིངས་འགྲོལ་གཏོང་བར་སྐྱོད་པའི་ལམ་བར་དུ་སྐུ་གཤེགས་མཁན་དང་པོ་ཡིན་ཞིང་། ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གིས《བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་གྲོས་མཐུན》ལ་མིང་རྟགས་བཀོད་རྗེས་ཕྲུ་གུ་གཉིས་པ་འཁོར་བའི་ཧྥན་ཅིན་ཀྲེན་སི་ཁྲོན་ཁྲེང་ཏུའུ་རུ་མ་བསྡད་པར་ཐེ་ཚོམ་སྤུ་ཙམ་མེད་པར་རང་གི་བཟའ་ཟླ་ཀྲང་གོ་ཧྭ་དང་མཉམ་དུ་བོད་ལ་དཔུང་འཇུག་བྱེད་པའི་རྒྱང་སྐྱོད་ལམ་བུར་བཞུད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།