[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉང་ཆུ་གཙང་འགྲམ་དུ་བདེ་སྐྱིད་ཀྱི་རྣམ་པས་ཁེངས།

    ——ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70ཡི་རིང་གི་ཉིང་ཁྲིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་གནས་ཚུལ་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-20

    2018ལོར་ཉིང་ཁྲི་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་150ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་11%འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་29990དང་སྒོར་15163ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་11.3%དང་13.1%སོ་སོར་འཕར་བ། ཉིང་ཁྲི་གྲོང་ཁྱེར་དུ་དབུལ་པོ་ཐོན་ཚད་0.33%ཆག་པ། གྲོང་ཚོ་129དབུལ་སྒྲོལ་ཐུབ་པ། སྨན་གླིང་དང་། ཀོང་པོ་རྒྱ་མདའ། སྤོ་བོ་བཅས་རྫོང་གསུམ་དུས་བཀག་ལྟར་དབུལ་ཞྭ་འབུད་ཐུབ་པ་དང་། མེ་ཏོག་དང་། རྫ་ཡུལ། སྣང་བཅས་རྫོང་གསུམ་དབུལ་ཞྭ་འབུད་པའི་ཚད་གཞིར་སླེབས་ཡོད།

    ལོ་ངོ་70ཡི་གོང་གི་ཉིང་ཁྲིར་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་པོ་མེད་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་རྗེས་ལུས་ཤུགས་ཆེན་ཐེབས་ཡོད། “ཡུལ་ཕྱོགས་དེ་གའི་ས་ཆུས་ཡུལ་ཕྱོགས་དེ་གའི་མི་གསོ་ཐབས་བྲལ་བ”དང་ལྟོ་གྲོད་པ་རྒྱགས་པ་ཞིག་བཟའ་རྒྱུ་བྱུང་བ་དེ་ནི་སྐབས་དེ་དུས་ཀྱི་རྒྱས་སྤྲོས་ཆེ་ཤོས་དེ་རེད།

    ལོ་ངོ་70ཡི་རིང་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཞིང་། ད་ཆའི་ཉིང་ཁྲིར་ནགས་ཚལ་སྟུག་པ་དང་། ཁོར་ཡུག་མཛེས་པ། མི་དམངས་འབྱོར་ཕྱུག་ལྡན་པ། “ལྔ་ལྡན་ཉིང་ཁྲི”འཛུགས་སྐྲུན་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད་པས་མཛེས་སྡུག་ལྡན་པའི“གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”དེར་མི་རྣམས་ཞེན་ཆགས་ནས་ལོག་མི་འདོད་པའི་སྣང་བ་ཞིག་ཝ་ལེར་འཆར་གྱི་ཡོད།

    འཚོ་བའི་ཆུ་ཚད་གོང་མཐོར་སོང་བ།

    ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཁྱུང་གླིང་གྲོང་ཚོར་སྐྱོད་སྐབས་གྲོང་ཚོ་ཆུང་ཆུང་དེ་གཙང་སྦྲ་དོད་པ་དང་། གཞུང་ལམ་གཡས་གཡོན་གཉིས་སུ་གྲལ་སྟར་འགྲིག་པའི་སྡོད་ཁང་སྒོ་ར་རང་འགྲིག་ཡོད་པ། རྒན་རྒོན་ཁ་ཤས་ལྗོན་པའི་བསིལ་གྲིབ་འོག་ངལ་གསོ་བཞིན་ཡོད་པ་དང་ཁོང་ཚོའི་ངོ་གདོང་ནས་བདེ་སྐྱིད་ལྡན་པའི་འཛུམ་མདངས་འཕྱུར་བཞིན་ཡོད། ཡུལ་སྐོར་བ་ཁྱུ་དང་ཁྱུ་བྱས་ནས་ཡུལ་སྐོར་སྣེ་ཤན་པའི་སྣེ་ཁྲིད་འོག་གྲོང་ཚོར་ལྟ་སྐོར་དུ་ཡོང་བ་དང་ཕྲུ་གུ་རྣམས་གང་སར་རྩེད་འཇོར་རོལ་བཞིན་མཆིས།

    “དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ངའི་ཁྱིམ་ཚང་དང་གྲོང་མི་གཞན་དག་ཚང་མ་རི་སྟེང་དུ་འཚོ་སྡོད་བྱེད་ཀྱི་ཡོད་པས། ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་པོ་མི་དྲོད་པ་མ་ཟད། ལྷམ་དང་གྱོན་ཆས་ངོ་དྲག་པ་གཅིག་ཀྱང་མེད། 1959ལོར་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་འཚོ་བ་གཞི་ནས་ཡག་ཏུ་ཕྱིན་ཏེ་བཟའ་གོས་སྡོད་གསུམ་ལ་སེམས་ཁྲལ་མེད་པར་གྱུར་ཡོད།

    ལོ་འདི་དག་རིང་གྲོང་ཚོ་ནས་སློབ་གྲྭ་ཆེ་མོ་བ་མང་དག་ཅིག་ཐོན་པ་དེ་ནི་སྔོན་ཆད་བསམ་ཡུལ་ལས་འདས་པ་ཞིག་རེད” འདི་ལོ་ལོ་71ལ་སླེབས་པའི་གཡའ་སྐྱ་ནི་ཁྱུང་གླིང་གྲོང་ཚོའི་གྲོང་མི་ཞིག་ཡིན་པ་དང་། གྲོང་ཚོ་དེའི་གྲོང་མི་མང་ཆེ་བ་ལྷོ་པ་རེད། 1959ལོའི་གོང་དུ་གྲོང་ཚོ་ཡོངས་ལ་བཟོ་བཀོད་ངོ་དྲག་པ་གཅིག་ཀྱང་མེད་ཅིང་། གྲོང་མི་རྣམས་རྔོན་རྒྱག་པ་དང་ཕྱུགས་རིགས་འཚོས་ནས་འཚོ་ཐབས་བྱེད་ཀྱི་ཡོད། 2018ལོར་ཁྱུང་གླིང་གྲོང་ཚོའི་གྲོང་མི་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.8ཟིན་པ་དང་། ཧ་ལམ་ཁྱིམ་ཚང་ཚང་མས་ཐོག་སོ་ཉིས་ལྡན་གྱི་ཁང་པ་བརྒྱབ་པ་མ་ཟད། ཆུ་ཀ་ལ་ཤར་གཏོང་ཐུབ་པ་དང་ཡོང་འབབ་ཡོང་ཁུངས་ཀྱང་དེ་བས་སྣ་མང་ཅན་ལ་གྱུར་ཡོད།

    ཁྱུང་གླིང་གྲོང་ཚོའི་འཕེལ་རྒྱས་དང་འཕོ་འགྱུར་ནི་ཉིང་ཁྲིའི་ལོ་ངོ་70ཡི་རིང་གི་འགྱུར་ལྡོག་ཆེན་པོའི་མཚོན་ཚུལ་ཙམ་ཞིག་རེད། 2018ལོར་ཉིང་ཁྲི་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་150ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་11%འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་29990དང་སྒོར་15163ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་སོ་སོར་11.3%དང་13.1%འཕར་བ། ཉིང་ཁྲི་གྲོང་ཁྱེར་དུ་དབུལ་པོ་ཐོན་ཚད་0.33%ཆག་པ། གྲོང་ཚོ་129དབུལ་སྒྲོལ་ཐུབ་པ། སྨན་གླིང་དང་། ཀོང་པོ་རྒྱ་མདའ། སྤོ་བོ་བཅས་རྫོང་གསུམ་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་པ་དང་། མེ་ཏོག་དང་། རྫ་ཡུལ། སྣང་རྫོང་བཅས་གསུམ་དབུལ་སྒྲོལ་གྱི་ཚད་གཞིར་སླེབས་ཡོད།

    འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་སོང་བ།

    ཤིས་པ་གྲོང་ཚོ་ནི་སྤོ་བོ་རྫོང་རྡོ་རྗེ་ཤང་བདེ་སྐྱིད་གྲོང་ཚོའི་མངའ་འོག་གི་རང་བྱུང་གྲོང་ཚོ་ཞིག་ཡིན་ཞིང་། རྫོང་གྲོང་དང་བར་ཐག་སྤྱི་ལེ་75ཙམ་ཡོད། “མ་གཞི་སྤྱི་ལེ་75ལས་མེད་ཀྱང་། སྔོན་ཆད་འགྲོ་ལམ་མེད་སྐབས་གྲོང་མི་རྣམས་རྫོང་གྲོང་ལ་ཐེངས་ཤིག་སྐྱོད་པར་ཉིན་བཞི་ལྔ་ཙམ་འགོར་གྱི་ཡོད་པས་དངོས་འབྲེལ་དཀའ་ལས་ཁག་པོ་ཞིག་ཡོད”ཅེས་འདི་ལོ་ལོ་70ལ་སླེབས་པའི་གྲོང་མི་ཚེ་རིང་གིས་བཤད། ཀྲུང་གོ་གསར་པ་དང་ན་མཉམ་ཡིན་པའི་ཁོང་གིས་གྲོང་ཚོའི་འགྲོ་ལམ་ལ་འགྱུར་ལྡོག་ཇི་ལྟར་བྱུང་མིན་གྱི་བདེན་དཔང་བྱེད་ཀྱི་ཡོད།

    བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ཐག་རིང་ལུང་ཁུག་གི་གྲོང་ཚོ་ཆུང་ཆུང་དེ་ཕྱི་ཕྱོགས་དང་རྒྱུན་གཏན་ལྟར་འབྲེལ་གཏུག་ཡོང་ཆེད། སྐབས་དེ་དུས་ཀྱི་བཅིངས་འགྲོལ་དམག་མིས་སྒལ་པར་འཁུར་བ་དང་རྟ་དྲེལ་ལ་འགེལ་བའི་བྱེད་ཐབས་སྤྱད་དེ་སྤོ་བོ་རྫོང་གྲོང་ནས་རྡོ་རྗེ་ཤང་དུ་ཤར་གཏོང་ཐུབ་པའི་བགྲོད་ལམ་ཐོག་མ་དེ་བཟོས། མ་གཞི་བྱས་ན་གུ་དོག་པའི་ས་རྡོའི་ལམ་ཡིན་མོད། འོན་ཀྱང་གྲོང་མི་རྣམས་དགའ་ཚོར་ཆེན་པོ་སྐྱེས་ནས་མཚན་མོ་གཉིད་ཀྱང་ཁུག་མེད།

    ཕྱུག་པོ་ཆགས་དགོས་ཚེ་སྔོན་ལ་ལམ་བཟོ་དགོས་པའི་དཔེ་ལྟར། ལོ་བཅུ་ཕྲག་ཁ་ཤས་ནང་རྡོ་རྗེ་ཤང་ནས་ཕྱི་ཕྱོགས་སུ་ཤར་གཏོང་ཐུབ་པའི་ལམ་བུ་དེ་མི་རབས་ཁ་ཤས་ཀྱི་འབད་བརྩོན་འོག་རིམ་བཞིན་རྒྱ་ཆེར་སོང་སྟེ་ས་རྡོའི་ལམ་ནས་ཨར་འདམ་ལམ་དུ་གྱུར་ཡོད། འགྲོ་ལམ་ཡག་ཏུ་ཕྱིན་པས་གྲོང་མི་ཚོའི་བསམ་བློ་ཡང་འགྱུར་ལྡོག་བྱུང་ཡོད། ཤང་གི་ལས་བྱེད་པས་དགའ་སྤྲོའི་ངང“འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་པས་གྲོང་མི་མང་པོ་ཞིག་གིས་ཚོང་རྒྱག་པ་དང་། ཕྱིར་གླ་པར་སྐྱོད་པ། ཟོག་སྐྱེལ་རླངས་འཁོར་ཉོས་ནས་སྐྱེལ་འདྲེན་ལས་ལ་གཞོལ་གྱི་ཡོད”ཅེས་བརྗོད།

    རྡོ་རྗེ་ཤང་གི་འགྲོ་ལམ་གྱི་འགྱུར་ལྡོག་ནི་ཉིང་ཁྲིའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་གཞག་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་པའི་མཚོན་ཚུལ་ཞིག་རེད། ལོ་ལྔ་ཙམ་ལས་སོང་མེད་ཀྱང་། ཉིང་ཁྲི་གྲོང་ཁྱེར་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་སྟེ། ཁྱོན་འགྲིམ་འགྲུལ་རྣམ་གྲངས་236འཛུགས་སྐྲུན་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་73.5བརྩོན་ལེན་བྱས་པ། རྣམ་གྲངས་177ལེགས་གྲུབ་བྱུང་བ། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་68.8ལེགས་གྲུབ་ཟིན་པ་དང་། ལོ་ལྔའི་རིང་སྔ་རྗེས་སུ་ལྷ་ཉིང་རིམ་མཐོའི་ལྕགས་ལམ་སོགས་གཙོ་གནད་གཞུང་ལམ་རྣམ་གྲངས་འབོར་ཆེན་བསྐྲུན་ཏེ། འཛུགས་སྐྲུན་གྱི་ལམ་ཚད་ཧྲིལ་པོ་སྤྱི་ལེ་3260.52ཟིན་པ་དང་། རིམ་རྩིས་བྱས་ན་ཤང་དང་གྲོང་རྡལ་1དང་སྲིད་འཛིན་གྲོང་ཚོ་48ལ་གཞུང་ལམ་ཤར་གཏོང་ཐུབ་པ་དང་། ཤང་དང་གྲོང་རྡལ་11དང་སྲིད་འཛིན་གྲོང་ཚོ་169ལ་གཞུང་ལམ་ཤར་གཏོང་ཐུབ་པའི་གནད་དོན་ཐག་གཅོད་བྱས་པ། རིམ་རྩིས་བྱས་ན་ཟམ་པ་28ལ་ཞིབ་བཤེར་ཚད་ལེན་བྱས་པ་དང་གཞུང་ལམ་བདག་སྐྱོང་དང་བཟོ་བཅོས་ཆེ་འབྲིང་གི་ལས་གྲྭ་སྤྱི་ལེ་60.35ལག་བསྟར་བྱས་པ། ཉེན་ཆེའི་ཟམ་པ་24བསྒྱུར་བཀོད་བྱས་པ་དང་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་འདུ་འགོད་སྤྱི་ལེ་623.97ལེགས་གྲུབ་ཟིན་ཡོད།

    སྣོད་བཅུད་ཁོར་ཡུག་ཇེ་ལེགས་སུ་སོང་བ།

    བྲག་ཡིབ་ཆུས་སྨན་རི་ཤང་སད་སྒོ་རྭ་གྲོང་ཚོ་ནི་ཡར་ཀླུང་གཙང་པོའི་ངོགས་སུ་གནས་པའི་མཛེས་སྡུག་ལྡན་པའི་གྲོང་ཚོ་ཞིག་རེད་ལ། ཉེ་རིང་གང་སར་སྐད་གྲགས་ཆོད་པའི་འབྱོར་ཕྱུག་གྲོང་ཚོ་དང་། ཡུལ་སྐོར་གྲོང་ཚོ། འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་བཅས་ཀྱང་རེད། གྲོང་ཚོ་དེའི་ཏང་ཀྲི་པུའི་ཧྲུའུ་ཅི་ཆའོ་ཚེ་རིང་གིས་ལོ་བཅུའི་གོང་དུ་རང་བྱུང་ཆ་རྐྱེན་གྱིས་རྐྱེན་པས་ཡར་ཀླུང་གཙང་པོའི་རྒྱུད་དུ་བྱེ་སར་འགྱུར་བའི་གནད་དོན་ཉིན་རེ་བཞིན་ཚབས་ཆེ་རུ་ཕྱིན་ནས་སྔོ་ཁེབས་ཇེ་ཉུང་དུ་ཕྱིན་སོང་ཞེས་ངོ་སྤྲོད་བྱས།

    “སྔོན་ཆད་གྲོང་ཚོར་བྱེ་རླུང་འཚུབ་ནས་དགོང་དྲོར་རིམ་བཞིན་བྱེ་རླུང་ལྡང་སྟེ་མིག་ཀྱང་གདང་ཐབས་བྲལ”ཞེས་ཉིང་ཁྲི་གྲོང་ཁྱེར་གྱིས་བྱེ་འགོག་ནགས་བཟོ་ལག་བསྟར་བྱས་རྗེས་སད་སྒོ་རྭ་གྲོང་ཚོས་ལོ་རེའི་ཤིང་འཛུགས་ནགས་བཟོའི་འཆར་གཞི་ལག་བསྟར་བྱེད་འགོ་ཚུགས། 2009ལོ་ནས་བཟུང་། ལོ་ལྟར་རྒྱ་ཁྱོན་མུའུ་2000ནས་5000ལྷག་ཙམ་བར་ཤིང་འཛུགས་རྒྱུན་ཆད་མེད་པར་བྱས་ཡོད།

    ད་ཆ་སད་སྒོ་རྭ་གྲོང་ཚོའི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་བདུན་ཙམ་ཟིན་ཞིང་། ལྗོན་ཤིང་མང་དུ་སོང་བ་དང་། བྱེ་རླུང་ཉུང་དུ་ཕྱིན་པ། ཡུལ་ལྗོངས་ལེགས་སུ་ཕྱིན་པ་མ་ཟད། ཡུལ་སྐོར་བའང་དེ་བས་མང་དུ་ཕྱིན་ཡོད། གྲོང་མི་ཚོས་སྣོད་བཅུད་ཁོར་ཡུག་ལེགས་པའི་སྟབས་བདེ་སྤྱད་དེ་ལས་རིགས་སྣ་ཚོགས་གཉེར་ནས་ཡོང་འབབ་མང་དུ་གཏོང་ཐབས་བྱས་པས། སད་སྒོ་རྭ་གྲོང་ཚོ་ལོ་ཁ་ཤས་ཀྱི་སྔོན་ནས་སྨན་རི་ཤང་གི་དབུལ་སྒྲོལ་ཞྭ་འབུད་ཀྱི་གྲོང་ཚོ་དང་པོ་དེར་གྱུར།

    2014ལོའི་ཚུན་དུ། ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་རྣམ་གྲངས་32འཛུགས་སྐྲུན་ལེགས་གྲུབ་བྱས་པ་དང་ཤིང་འཛུགས་སྣ་ཚོགས་མུའུ་ཁྲི་75.83ལེགས་གྲུབ་ཟིན་ཡོད། མིག་སྔར། ཉིང་ཁྲི་གྲོང་ཁུལ་གྱི་སྔོ་འགྱུར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་531.85ཟིན་པ་དང་། སྔོ་འགྱུར་ས་ཆའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་524.41ཟིན་པ། སྔོ་འགྱུར་ཁྱབ་ཚད་དང་སྔོ་ཁེབས་ཁྱབ་ཚད་42.55%དང་41.95%ཟིན་པ། རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་རྫོང་2དང་། རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་ཤང་38 རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོ་316བཅས་བདེ་བླག་ངང་བསྐྲུན་ཡོད། ཕྱོགས་ཡོངས་ནས་ནགས་ཚལ་སྣོད་བཅུད་ཕན་འབྲས་ཀྱི་ཁ་གསབ་ལམ་སྲོལ་དང་། རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་ལམ་སྲོལ་དོན་འཁྱོལ་བྱས་ཏེ་ཉིང་ཁྲིའི་སྤྱི་ཚོགས་ཡོངས་སུ་སྣོད་བཅུད་ཤེས་དཔལ་དར་སྤེལ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

    ཉིང་ཁྲིའི་ཕྱོགས་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཕྱིར་ལྟ་བྱེད་སྐབས། དུས་རབས་གསར་པར་ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཉིང་ཁྲིས་འོད་སྟོང་འབར་བའི་ལེའུ་གསར་པ་བཏོད་སྲིད་པ་ང་ཚོར་ཡིད་ཆེས་ཆེན་པོ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།