[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་ལ་མུ་མཐུད་སྐུལ་འདེད་ཤུགས་ཆེན་ཐེབས་པ།

    ཟླ་9པའི་ཟླ་མཇུག་བར། ཞིང་འབྲོག་པ་དབུལ་པོ་ཁྲི་23.61དབུལ་སྒྲོལ་ཡོང་བར་སྐུལ་ཁྲིད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-20

    འདེབས་འཛུགས་ལས་རིགས་དང་། གསོ་ཚགས་ལས་རིགས། ལས་སྣོན་ལས་རིགས། ཚོང་དོན་འཁོར་རྒྱུག་ལས་རིགས། རིག་གནས་ཡུལ་སྐོར་ལས་རིགས། ཐོན་ཁུངས་གསར་སྤེལ་བེད་སྤྱོད་སོགས་ཀྱི་ཐོན་ལས་ཆེན་པོ་དྲུག་ལ་གཙོ་གནད་ཐོག་གཞིགས་པ་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བས་ཐོན་ལས་དབུལ་སྐྱོར་ལ་མུ་མཐུད་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད།

     ཉེ་ཆར། རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་རང་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན། རང་ལྗོངས་ཀྱིས“ཞིང་ལས་འཚམ་སར་ཞིང་ལས་དང་། འབྲོག་ལས་འཚམ་སར་འབྲོག་ལས། ནགས་ལས་འཚམ་སར་ནགས་ལས། བཟོ་ལས་འཚམ་སར་བཟོ་ལས། ཚོང་ལས་འཚམ་སར་ཚོང་ལས། ཡུལ་སྐོར་འཚམ་སར་ཡུལ་སྐོར”བཅས་ཀྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང་། འདེབས་འཛུགས་ལས་རིགས་དང་། གསོ་ཚགས་ལས་རིགས། ལས་སྣོན་ལས་རིགས། ཚོང་དོན་འཁོར་རྒྱུག་ལས་རིགས། རིག་གནས་ཡུལ་སྐོར་ལས་རིགས། ཐོན་ཁུངས་གསར་སྤེལ་བེད་སྤྱོད་སོགས་ཀྱི་ཐོན་ལས་ཆེན་པོ་དྲུག་ལ་གཙོ་གནད་ཐོག་གཞིགས་པ་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བས་ཐོན་ལས་དབུལ་སྐྱོར་ལ་མུ་མཐུད་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད་ཅིང་། ཟླ་9པའི་ཟླ་མཇུག་བར། རིམ་རྩིས་ལྟར་ན། ལྗོངས་ཡོངས་ཀྱིས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཁག་2591ལག་ལེན་བསྟར་བ་དང་། ཐོན་ལས་དབུལ་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར་354དོན་འཁྱོལ་བྱས་པ། ཐོན་ལས་དབུལ་སྐྱོར་བརྒྱུད་ཡིག་ཚགས་དང་གཱ་བཟོས་པའི་ཞིང་འབྲོག་པ་དབུལ་པོ་ཁྲི་23.61དུས་བཀག་ལྟར་དབུལ་སྒྲོལ་ཐུབ་པར་སྐུལ་ཁྲིད་བྱས་པ་དེས“ལོ་ལྔ་ཚན་བཅུ་གསུམ་པའི”ཐོན་ལས་དབུལ་སྐྱོར་ལས་འགན་གྱི་མི་ཁྲི་23.8ཀྱི་99.2%བཟུང་བ་དང་འབྲེལ། ཞིང་འབྲོག་པ་ཁྲི་40ཙམ་གྱི་འབབ་འཕར་ལ་ཞོར་དུ་སྐུལ་ཁྲིད་ཐུབ་ཡོད།

    ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་ཐིང་ཀྲང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་ཐོན་ལས་དབུལ་སྐྱོར་ཚོགས་ཆུང་གི་ཙུའུ་ཀྲང་ཏུའུ་ཅེས་ངོ་སྤྲོད་བྱས་དོན། 2016ལོ་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་། ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུད་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་ཀྱི་རྒྱབ་སྐྱོར་ཤུགས་ཆེན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་བཅས་ཀྱི་འོག རང་ལྗོངས་ཀྱིས་འཆར་འགོད་ཞིབ་ཚགས་དང་། སྤྱི་འདོམས་སྐུལ་འདེད། ཕྱོགས་བསྡུས་ཇུས་འདོན། མཉམ་ལས་འགག་སྒྲོལ་བཅས་ཀྱིས་ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་ཏན་ཏིག་བཏང་བས“ཏང་ཨུད་དང་སྲིད་གཞུང་གིས་སྐུལ་འདེད་ནན་པོ་གཏོང་བ་དང་། སྡེ་ཚན་གྱིས་མཉམ་དུ་ཤུགས་འདོན་པ། སྤྱི་ཚོགས་ཀྱིས་མུ་མཐུད་རོགས་རམ། གྲོང་ཁྱེར་དང་རྫོང་གིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། སྲིད་ཇུས་རྒྱུན་མཐུད་ལེགས་སུ་འགྲོ་བ། མང་ཚོགས་ཧུར་ཐག་ཞུགས་པ། ཕན་འབྲས་རིམ་གྱིས་ཐོན་པ”བཅས་ཀྱི་ཁྱད་ཆོས་མངོན་ཡོད་ཅེས་བརྗོད།

    ཏུའུ་ཅེས་གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་དམིགས་ཚད་དང་ལས་འགན་ལྷོད་གཡེང་དུ་མི་གཏོང་f ར་དམ་པོར་དམིགས་ནས་རྣམ་གྲངས་འཛུགས་སྐྲུན་གཙོ་གནད་འཆར་འགོད་བྱེད་པ་དང་། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན། ཁེ་ཕན་གཅིག་འབྲེལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ལས་དབུལ་སྐྱོར་གྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུ་ཡིན་ཞེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།