[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་རིང་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-01

    “ལྷ་ས་གྲོང་ཁྱེར་གྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མེད་པ་ནས་ཡོད་པའི་བར་དང་། ཆུང་བ་ནས་ཆེ་བའི་བར་འཕེལ་རྒྱས་ཕྱིན་པ་དང་། ཁྲོམ་ར་གྲ་ཇེ་རྒྱས་སུ་ཕྱིན་པ། ཁྲོམ་རའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་སོགས་ལྷ་ས་མ་འཇོག་ལས་དར་གྱི་ས་གཞི་གཤིན་པོ་ཞིག་ཏུ་གྱུར་ཡོད”ལོ་ངོ་20ཡི་གོང་སྟེས་དབང་གི་གོ་སྐབས་ཤིག་ལས་ལིའུ་མེ་ཡན་ལ་ས་མཐོར་ཚོང་ལས་གཉེར་བའི་གོ་སྐབས་བྱུང་བས། ཀོང་ཏུང་གི་ཚོང་ལས་དོར་ནས་ལྷ་སར་མ་འཇོག་ལས་དར་བྱེད་པར་སླེབས། ད་ཆ་སྟག་རྩེ་བཟོ་ལས་གླིང་བོད་ལྗོངས་རྒྱ་སེ་མེ་ཏོག་སྐྱེ་དངོས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དུ་གྱུར་ནས། ས་གཙང་སྤུས་རྟགས་ཡིན་པའི་བོད་ཀྱི་རྒྱ་སེ་མེ་ཏོག་འཛམ་གླིང་ཡོངས་ལ་ཁྱབ་གདལ་གཏོང་བར་གཞོལ་བཞིན་ཡོད།

    ཤར་ལྷོ་ནུབ་བྱང་དུ་སྦྲེལ་བའི་སྟབས་བདེ་ཞིང་ཕན་འབྲས་མཐོ་བའི་གཞུང་ལམ་དྲ་རྒྱ་རིམ་བཞིན་བསྐྲུན་པ་དེ་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགག་རྩར་གྱུར་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་དང་། དམངས་ཕན་དམངས་བདེ། གྲོང་ཁྱེར་དང་གྲོང་གསེབ་ཏུ་སྣུར་སྲིང་བྱས་པའི་གྲོང་གསེབ་གཞུང་ལམ་གྱིས་ཞིང་འབྲོག་པར་ཞབས་འདེགས་དང་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་བྱ་འཕུར་བ་ལྟ་བུའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    གྲོང་ཁྱེར་གྱི་ལྟེ་བ་ནས་ཞིང་ནང་མུ་ཁའི་བར་དང་། སློབ་གསོའི་གྲོང་གསར་ནས་ཐོན་ལས་གླིང་བར། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནས་དམངས་འཚོ་ལེགས་གཏོང་བར་འགྱིང་ངེར་གནས་པའི་ལྟེ་བའི་གྲོང་ཁྱེར་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་གསོན་ཤུགས་འཕེལ་བཞིན་ཡོད།

    ད་ཆ་གནའ་གྲོང་ལྷ་ས་མཛེས་སྡུག་རྣམ་པར་བཀྲ་ཞིང་། གངས་ལྗོངས་ས་མཐོ་རྣམ་པ་གསར་རྐྱང་དུ་གྱུར་ནས། མི་རིགས་ཁག་གི་མི་དམངས་ཀྱིས་གླུ་དབྱངས་ཅི་དགར་ལེན་བཞིན་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པ་ནས་བཟུང་། ལྷ་སའི་གནའ་ཉམས་དོད་ཞིང་ངོ་མཚར་ཆེ་བའི་ས་ཆ་འདིར་གནམ་ས་བླ་འོག་ཏུ་གྱུར་པ་ལྟ་བུའི་འགྱུར་ལྡོག་རླབས་པོ་ཆེ་བྱུང་ཡོད།

    དཔལ་འབྱོར་བསྡོམས་འབོར་ལ་མཆོང་སྐྱོད་ཆེན་པོ་བྱུང་བ།

    ལྷ་ས་གྲོང་ཁྱེར་གྱི་ཟིལ་རླབས་དགུང་འཕྱུར་གྱི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག དཔལ་འབྱོར་བསྡོམས་འབོར་ལ་མཆོང་སྐྱོད་ཆེན་པོ་བྱུང་ནས་GDPའཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་མདུན་གྲས་སུ་སླེབས་ཡོད།

    ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནས་བལྟས་ན། 2018ལོར་བོད་ཀྱི་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1477.63ཟིན་པ་དང་། བསྡུར་གཞི་ཡོད་པའི་རིན་གོང་ནས་བརྩིས་ན། 1959ལོའི་སྒོར་དུང་ཕྱུར་1.74ལས་ལྡབ་191ཙམ་འཕར་ཡོད། ལྷ་ས་གྲོང་ཁྱེར་གྱི་ཁྱབ་ཁོངས་ནས་བལྟས་ན། 2018ལོར་ལྷ་ས་གྲོང་ཁྱེར་གྱིས་སྔོན་རྩིས་ལྟར་ན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་528ལེགས་གྲུབ་བྱས་པ་དེ་དུས་མཚུངས་ལས་10%འཕར་ནས་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་37%ཙམ་བཟུང་ཡོད། འདི་ལོའི་ལྷ་ས་གྲོང་ཁྱེར་གྱི་ཚོགས་འདུ་གཉིས་རིང་། 《ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་ལྷ་ས་གྲོང་ཁྱེར་གྱི་2018ལོའི་GDPའཕར་ཚད་10%ཡིན་པས། རྒྱལ་ཡོངས་ཀྱི་འཕར་ཚད་6.6%ལས་མཐོ་བ་ཡོད་པ་བསྟན་ཡོད།

    ད་ཆ་ལྷ་སར་ནུས་རྒྱུ་དང་། འཛུགས་སྐྲུན་རྒྱུ་ཆ། འཕྲུལ་ཆས། གཏེར་ཁ་སྔོག་འདོན། ཡང་བའི་བཟོ་ལས། བཟའ་བཅའ་ལས་སྣོན། མི་རིགས་ལག་ཤེས་བཟོ་ལས། བོད་ཀྱི་གསོ་བ་རིག་པ་སོགས་ལས་རིགས་20ལྷག་ཙམ་གྱི་དེང་རབས་བཟོ་ལས་མ་ལག་བཙུགས་པ་མ་ཟད། སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་བྱུང་ནས། དེང་རབས་ཅན་གྱི་ཆུ་ཚད་དུ་རིམ་བཞིན་སླེབས་ཡོད།

    གྲོང་མིའི་འཛད་སྤྱོད་གྲུབ་ཆ་ཕྱོགས་སྒྱུར་རིམ་སྤོར་བྱུང་བ།

    ལྷ་ས་གྲོང་ཁྱེར་གྱི་ཟིལ་རླབས་དགུང་འཕྱུར་གྱི་འཕེལ་རྒྱས་ལམ་དུ་དཔལ་འབྱོར་རྒྱུན་མཐུད་མགྱོགས་མྱུར་འཕེལ་རྒྱས་སོང་བ་དང་ཡོང་འབབ་བརྟན་པོའི་ངང་འཕར་བར་བརྟེན་ནས་མང་ཚོགས་ཀྱི་འཛད་སྤྱོད་གྲུབ་ཆ་ལའང་ཕྱོགས་སྒྱུར་རིམ་སྤོར་བྱུང་ཡོད།

    2018ལོར་དཔེ་བཞག་ན། ལྷ་ས་གྲོང་ཁྱེར་གྱི་ལོ་ཧྲིལ་པོའི་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་295ཟིན་ནས་14%འཕར་བ་དང་། འཛད་སྤྱོད་གྲུབ་ཆ་རིམ་སྤོར་ཕྱོགས་སྒྱུར་གྱིས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་མངོན་གསལ་དོད་དུ་ཕྱིན་ནས་འཛད་སྤྱོད་གཏོང་སྒོས་དཔལ་འབྱོར་འཕར་ཚད་ལ་ལེགས་སྐྱེས་འབུལ་ཚད་36%ཟིན་ཏེ། དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་འཛད་སྤྱོད་ཀྱི་རྨང་གཞིའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད།

    ལོ་དེ་དག་རིང་། གྲོང་ཁྱེར་གྱི་ཚོང་ལས་ཕྱོགས་བསྡུས་དང་། ཆེད་ལས་ཁྲོམ་ར། ཁྱད་ལྡན་ཚོང་ལས་ཁྲོམ་གཞུང་སོགས་ཚོང་ལས་དང་ཉོ་ཚོང་གཅིག་སྡུད་ཁུལ་རིམ་བཞིན་མང་དུ་སོང་བ་དང་། ཁྲེང་ཀོན་ཆུས་དང་། སྟག་རྩེ། འདམ་གཞུང་། སྟོད་ལུང་བདེ་ཆེན་བཅས་རྫོང(ཆུས)བཞིའི་དྲ་ཐོག་ཚོང་དོན་གྱིས་གྲོང་གསེབ་ཀྱི་ཕྱོགས་བསྡུས་དཔེ་སྟོན་རྫོང(ཆུས)གཏོད་འཛུགས་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་བ། སྒུལ་བདེའི་གཏོང་སྤྲོད་གཟིགས་སྐྱོང་དང་དྲ་ཐོག་ཏུ་རིན་གོང་གཅོག་པ་སོགས་འཛད་སྤྱོད་བྱེད་སྟངས་ལས། ལྷ་ས་གཙོ་རྒྱུན་དུ་རིམ་བཞིན་གྱུར་ནས། ཡུལ་སྐོར་དང་། རིག་གནས། ལུས་རྩལ། བདེ་ཐང་སོགས་སྣ་མང་འཛད་སྤྱོད་གསར་པར་རྒྱུན་མཐུད་ཚ་རླབས་འཕྱུར་ཡོད།

    དམངས་འཚོ་ལེགས་གཏོང་ལས་མང་ཚོགས་ལ་ཕན་འབྲས་ཆེན་པོ་བྱུང་བ།

    ལྷ་ས་གྲོང་ཁྱེར་གྱི་ཟིལ་རླབས་དགུང་འཕྱུར་གྱི་འཕེལ་རྒྱས་ལམ་དུ་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་སོང་བ་དང་དམངས་འཚོ་རྒྱུན་མཐུད་ལེགས་སུ་ཕྱིན་ནས་མཚོ་བོད་ལྕགས་ལམ་དང་། ལྷ་གཞིས་ལྕགས་ལམ། ལྷ་གོང་མྱུར་བགྲོད་གཞུང་ལམ་བཅས་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་པ་དང་། ལྷ་ས་གྲོང་ཁྱེར་གྱི་མ་ལམ་གཙོ་བོ“ཨར་འདམ་ལམ་ནས་སྣུམ་ནག་ལམ”དུ་གྱུར་བ། གྲོང་ཁྱེར་ཕྱོགས་བསྡུས་མདོང་ལམ་གྱི་གྲོང་ཁྱེར་གྱི་ལས་གྲྭ་འཛུགས་སྐྲུན་ལེགས་སྒྲུབ་ཟིན་པ། “གྲོང་ཁྱེར་གཅིག་དང་། ངོགས་གཉིས། ཁུལ་གསུམ”བཅས་ཀྱི་བར་མཐོངས་གྲུབ་ཆ་མགྱོགས་མྱུར་ཆགས་བཞིན་ཡོད་པ་རེད།

    བོད་རྙིང་པར་ཚད་ལྡན་གྱི་གཞུང་ལམ་གཅིག་ཀྱང་མེད། ཞི་བས་བཅིངས་འགྲོལ་བཏང་རྗེས། བོད་དུ་དེང་རབས་ཀྱི་དོན་སྙིང་ལྡན་པའི་གཞུང་ལམ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། རྒྱལ་ཁབ་ཀྱིས་དཀའ་ངལ་ཤིན་ཏུ་ཆེ་བའི་ཆ་རྐྱེན་འོག་མཚོ་བོད་དང་ཁྲོན་བོད་གཞུང་ལམ་དང་དེ་བཞིན་ས་ཁུལ་ཁག་ལ་འགྲོ་འོང་བྱེད་པའི་གཞུང་ལམ་བསྐྲུན་ཡོད། ད་ཆ་ལྷ་སར་གཞུང་ལམ་དང་། ལྕགས་ལམ། མཁའ་ལམ་བཅས་ཀྱིས་གཙོ་བོར་བྱས་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་གཞི་རྩའི་ཆར་གྲུབ་ཡོད།

    ཞི་བས་བཅིངས་འགྲོལ་མ་བཏང་གོང་། བོད་དུ་མཐོ་རིམ་སྐུ་དྲག་ཉུང་ཤས་ལ་སྐབས་རེ་གློག་གཏོང་ཐུབ་པའི་ཆན་ཝ་125ཡི་ཆུ་ཤུགས་གློག་ཁང་ཆུང་གྲས་ཤིག་ལས་མེད། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག 1960ལོར་རྔ་ཆེན་ཆུ་ཤུགས་གློག་ཁང་བསྐྲུན་ནས་གློག་བཏང་བས། ལྷ་སའི་གྲོང་མི་དཀྱུས་མས་ཐོག་མར་གློག་སྤྱད་ནས་ད་ལྟའི་བར་རྔ་ཆེན་ཆུ་ཤུགས་གློག་ཁང་དེ་སྔར་བཞིན་ལྷ་སའི་རྒན་རྒོན་མང་པོས་བསྔགས་བརྗོད་བྱེད་པའི་དྲན་སེམས་ཤིག་ཏུ་གྱུར་ཡོད། དོན་དངོས་ཐོག་ཕན་འབྲས་ལྡན་པའི་མ་འཇོག་གིས་སྐུལ་ཁྲིད་བྱས་པའི་དམངས་འཚོ་ལེགས་གཏོང་དུས་རབས་གསར་པའི་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཚོན་རྟགས་གལ་ཆེན་ལ་གྱུར་ཡོད། ཡིན་ནའང“རི་སྟེང་དུ་ཤིང་འཛུགས་པ”དང་། “གཙང་པོ་མཚོ་ལ་གྱུར་པ”“དུད་ཚང་དུ་དྲོད་རླངས་ཁྲིད་པ”སོགས་ཀྱིས་མཚོན་པའི་དམངས་འཚོའི་འདུ་འགོད་ལེགས་གྲུབ་ཟིན་པ་དེས་ལྷ་སའི་གྲོང་མིར་ཐོབ་ཚོར་དེ་བས་ཆེ་བ་བྱུང་ཡོད།

    ཟིལ་རླབས་དགུང་འཕྱུར་གྱི་འཕེལ་རྒྱས་ཀྱི་ལམ་དུ་ལྷ་སའི་ལོ་ངོ་སྟོང་གི་གནའ་གྲོང་ལས་རྣམ་པ་གསར་པ་ཞིག་མངོན་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།