[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་གཞུང་ལས་པའི་ཁྲོད་བུད་མེད་ཀྱིས“གནམ་ཕྱེད་ཀ་འདེགས་མཁན”གསུམ་ཆ་གཅིག་ལྷག་ཙམ་ཟིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-28

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་9ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའི་ཁོངས་མི་ཀྲུའུ་ཞི་གཞོན་པ་ཀླུ་མཚོས་ངོ་སྤྲོད་བྱས་པར། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་ལྷག་པར་དུ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་བོད་ཀྱི་བུད་མེད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། འཕྲོད་བསྟེན་བདེ་ཐང་། སློབ་གསོ་སོགས་ཀྱི་ཁེ་དབང་ལ་འགན་སྲུང་ནུས་ལྡན་བྱུང་སྟེ“གནམ་ཕྱེད་ཀ”བཏེགས་ཡོད། ལྗོངས་ཡོངས་སུ་ད་ལྟ་བུད་མེད་གཞུང་ལས་པ་ཁྲི་2.92ཡོད་པ་དེས་གཞུང་ལས་པའི་མི་འབོར་གྱི་32.96%བཟུང་ཡོད།

    ཚེས་25ཉིན་བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཀླུ་མཚོས་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་བོད་ཀྱི་བུད་མེད་ལ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་སྲིད་དབང་དང་། ལྷ་དབང་། ཁྱོ་དབང་། རུས་དབང་བཅས་ཀྱི་གཉའ་གནོན་ཕོག་སྟེ་སྤྱི་ཚོགས་ཀྱི་རིམ་པ་དམའ་ཤོས་སུ་གནས་པ་དང་ལྷག་པར་དུ་བུད་མེད་དབུལ་པོ་མང་ཆེ་བ་བྲན་གཡོག་ཏུ་གྱུར་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས། བུད་མེད་ལ་ལོ་རྒྱུས་རང་བཞིན་གྱི་བཅིངས་འགྲོལ་དང་ཡར་རྒྱས་བྱུང་ནས་རྒྱལ་ཁབ་ཀྱི་བདག་པོར་གྱུར་པ་དང་། སྤྱི་ཚོགས་དང་། ཆབ་སྲིད། དཔལ་འབྱོར། རིག་གནས། ཁྱིམ་ཚང་། འཚོ་བ་སོགས་ཚང་མར་སྐྱེས་པ་དང་འདྲ་མཉམ་གྱི་ཁེ་དབང་ལོངས་སུ་སྤྱོད་བཞིན་ཡོད། ད་ཆ་བུད་མེད་ཏང་ཡོན་གྱི་མི་གྲངས་ཤུགས་ཆེན་འཕར་ནས་1960ལོའི་མི་1120ནས་2018ལོའི་མི་ཁྲི་11བར་མང་དུ་སོང་ཡོད། བོད་ཀྱི་བུད་མེད་དང་བྱིས་པར་སློབ་གསོ་ཐོབ་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་མཐོ་རིམ་སློབ་གསོ་དཀྱུས་མ་དང་། ཞིབ་འཇུག་སློབ་མའི་སློབ་གསོ། དར་མའི་མཐོ་རིམ་སློབ་གསོ་བཅས་སུ་བུད་མེད་སློབ་གྲྭར་ཡོད་མུས་ཀྱི་ཆ་སྙོམས་བསྡུར་ཚད་50%ཡན་རྒྱུན་འཁྱོངས་ཐུབ་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་པའི་བུད་མེད་ཀྱིས་སོ་སོར་12.74%དང་17.78%བཟུང་བ་དང་བུད་མེད་ཀྱི་རིག་གཞུང་སྣེ་ཁྲིད་པས་27.45%བཟུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།