[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དམག་ཧྲག་དམག་ཞུགས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ།

    —— བོད་ཀྱིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་ལས་དོན་ལ་སྐུལ་ འདེད་ནུས་ལྡན་བཏང་བའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-25

    ▶ རང་ལྗོངས་ཀྱིས་གྲོང་ཚོ་200ལྷག་ཙམ་དུ་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་རྨང་གཞི་སྲ་བརྟན་དང་སྤུས་ཚད་མཐོར་གཏོང་གི་ལས་གྲྭ་ལག་ལེན་བསྟར་བས་མི་འབོར་དབུལ་པོ་ཁྲི་1.8ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་ཡག་པོ་ཐུབ་ཡོད་པ། 

    ▶ གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར་དེ་རིམ་པའི་དབུལ་སྐྱོར་མ་དངུལ་ཁྲོད་ནས་སྒོར་ཁྲི་1000བཀོད་སྒྲིག་གིས་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ཁྱིམ་ཚང་གི་སློབ་གྲྭ་ཆེ་མོ་བར་ཁ་གསབ་སྤྲད་དེ་མིག་སྔར་མི་ཐེངས་5500ལ་མ་དངུལ་ཐད་ནས་རོགས་སྐྱོར་བྱས་པ། 

    ▶ 2018ལོ་དང་2019ལོར། རིམ་རྩིས་ལྟར་ན་གཞི་རིམ་གྱི་འཕྲོད་བསྟེན་རྣམ་གྲངས་ཁག་200ཉེ་བ་ལག་བསྟར་དང་བཀོད་སྒྲིག་བྱས་པ།

    ▶ རང་ལྗོངས་ཀྱིས་ནད་ཆེན་རིགས་33ཕོག་པའི་མི་ལ་ཚད་ལྡན་ཅན་གྱི་གཅིག་སྡུད་སྨན་བཅོས་བྱས་པ་དང་མི་གྲངས་16000ལྷག་ཙམ་ལ་གཞི་རྩའི་སྐྱོབ་བཅོས་དང་དོ་དམ་ཞབས་ཞུ་ཐུབ་ཡོད་པ།

    ▶ རང་ལྗོངས་ཀྱིས་བཀོད་སྒྲིག་ས་ཚིགས་942བསྐྲུན་རྩིས་ཡོད་པའི་ནང་བཀོད་སྒྲིག་ས་ཚིགས་812བསྐྲུན་ཟིན་པ།

    ▶ 2016ལོ་ནས་2019ལོའི་བར། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་7.88བཏང་བ།

    “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ནི་མི་འབོར་དབུལ་པོ་དབུལ་སྒྲོལ་བྱེད་པའི་གཞི་རྩའི་བླང་བྱ་དང་ལྟེ་བའི་དམིགས་ཚད་ཅིག་ཡིན་པས་འགག་སྒྲོལ་དམག་འཐབ་ཀྱི་སྤུས་ཚད་དང་ཐད་ཀར་འབྲེལ་བ་ཡོད། 2019ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་ལོ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགག་རྩའི་ལོ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགག་སྒྲོལ་དཀའ་སེལ་གྱི་འགག་རྩའི་ལོ་བཅས་ཡིན་པས། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་ལས་དོན་ལེགས་པར་བསྒྲུབ་རྒྱུ་དེ་བས་གལ་འགངས་ཆེ་བ་ཞིག་ཡོད།

    ལོ་ཕྱེད་ལྷག་ཙམ་རིང་། ལྗོངས་ཡོངས་ཀྱི་རིམ་པ་དང་སྡེ་ཚན་ཁག་གིས་གཞི་རྩའི་ཆ་ནས་དབུལ་པོ་དབུལ་རྐྱང་སེལ་བའི་དམིགས་ཚད་ལ་དམ་པོར་དམིགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་ལས་དོན་གྱི་རྣམ་བཤད་གལ་ཆེན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། 

    “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ་རྩ་བའི་བྱ་ཐབས་སུ་བརྩི་བ། ཚད་གཞི་མཐོ་པོས་ཕྱོགས་ཡོངས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ། བརྟག་ཞིབ་གཏིང་ཟབ་དང་མཛུབ་ཁྲིད་ཞིབ་ཕྲ་བྱེད་པ། དམག་ཧྲག་མངགས་ནས་དམག་ལ་ཞུགས་པ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་བློ་ཐག་རྦད་བཅད་ཀྱིས་རྒྱལ་ཁ་ལེན་པར་འབད་བརྩོན་ཧུར་ཐག་བྱས་ཡོད་པ་རེད།

    མང་ཚོགས་ལ“ཆུ་གཙང་མ”འཐུང་དུ་བཅུག་ཡོད།

    ཆུ་ནི་ཚེ་སྲོག་གི་འབྱུང་རྩ་རེད། རང་ལྗོངས་ལ་ཆུའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་དུས་དང་བར་མཐོངས་ཁྱབ་ཚུལ་དོ་མི་སྙོམས་པ་དང་། ཆུའི་ཐོན་ཁུངས་དང་ཐོན་སྐྱེད་ནུས་ཤུགས་ཁྱབ་ཚུལ་སྙོམས་པོ་མེད་པའི་ཁར་དམིགས་བསལ་གྱི་རང་བྱུང་ས་ཁམས་ཆ་རྐྱེན་ཡོད་པས། ལས་གྲྭའི་རང་བཞིན་གྱི་ཆུ་དཀོན་པའི་གནད་དོན་མངོན་གསལ་དོད་པོ་ཡོད། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གཞི་ནི་མི་དམངས་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་ཁོ་ཚོའི་ཁེ་ཕན་དང་འབྲེལ་བ་ཆེ་ཤོས་ཡོད་པའི་ཆུ་བེད་ལས་གྲྭ་ཞིག་རེད། “དམངས་སེམས་འདུ་འགོད”དང“ཕན་སྦྱར་ལས་གཞི”འདི་ཏན་ཏིག་ངང་ལག་བསྟར་ཡག་པོ་བྱ་ཆེད། རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས་གཙོ་གནད་ལ་དམ་འཛིན་དང་ཞན་ཆ་གསབ་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་འཛུགས་སྐྲུན་ལས་འགན་དང་ཟུང་འབྲེལ་བྱས་ནས་སྲིད་ཇུས་དང་། མ་དངུལ། འཛུགས་སྐྲུན། སྤུས་ཚད། དོ་དམ་སོགས་ཕྱོགས་མང་པོར་ཤུགས་སྣོན་བརྒྱབ་སྟེ། གྲོང་གསེབ་མི་འབོར་གྱི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱས་ཡོད་པ་རེད།

    འདི་ལོའི་ལོ་སྟོད་དུ། རང་ལྗོངས་ཀྱིས་གྲོང་ཚོ་200ལྷག་ཙམ་དུ་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་རྨང་གཞི་སྲ་བརྟན་དང་སྤུས་ཚད་མཐོར་གཏོང་གི་ལས་གྲྭ་ལག་ལེན་བསྟར་བས། མི་འབོར་དབུལ་པོ་ཁྲི་1.8ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་ཡག་པོ་ཐུབ་ཡོད།

    གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱེད་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལས་འགན་གལ་ཆེན་ཞིག་རེད་ཅེས་རང་སྐྱོང་ལྗོངས་ཆུ་བེད་ཐིང་དབུལ་སྐྱོར་གཞུང་ལས་ཁང་གི་ལས་དོན་མི་སྣ་ཁན་ཤིན་ཅན་གྱིས་བཤད་བྱུང་།

    སློབ་གསོས་དབུལ་པོ་བུ་རབས་ཚ་རྒྱུད་ཀྱི་གནད་དོན་བསལ་བ།

    གཞིས་རྩེ་གྲོང་ཁྱེར་གྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་འོས་འགན་སློབ་གསོ་འགན་ལེན་བྱས་ནས་མི་འབོར་དབུལ་པོ་སློབ་གྲྭར་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་དང་། ལོ་15ཡི་རིན་མེད་སློབ་གསོ་དང་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མའི“འགན་ལེན་གསུམ”དང“འཚོ་བཅུད་ལེགས་གཏོང་གི་འཆར་གཞི”སོགས་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས། གྲོང་ཁྱེར་རིམ་པའི་དབུལ་སྐྱོར་མ་དངུལ་ནས་སྒོར་ཁྲི་1000བཀོད་སྒྲིག་གིས་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ཁྱིམ་ཚང་གི་སློབ་གྲྭ་ཆེ་མོ་བར་ཁ་གསབ་སྤྲད་པ་དང་། མིག་སྔར་མི་ཐེངས་5500ལ་མ་དངུལ་ཐད་ནས་རོགས་སྐྱོར་བྱས་པ། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་སློབ་མཚམས་ཆད་པའི་སློབ་མར་ལེབ་བཤེར་རྣམ་པའི་གྲལ་བཤེར་བྱས་ཏེ་སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་པས། སློབ་ཞུཌ་འགན་ལེན་ལས་དོན་ལ་ཏང་སྲིད་ལས་བྱེད་པ་དང་སྤྱི་ཚོགས་ཀྱིས་མཉམ་དུ་དམ་འཛིན་དང་དོ་དམ་བྱེད་པའི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆཌ་ཏེ་གྲོང་ཁྱེར་ཡོངས་ཀྱི་འོས་འགན་སློབ་གསོའི་དུས་མཚམས་སུ་སློབ་ལོ་ལོན་པའི་ལོ་ཆུང་བྱིས་པ་སློབ་གྲྭར་ཞུགས་ཚད་2018ལོར་99.97%ཟིན་ཡོད་པ་རེད།

    དབུལ་པོ་བཅོས་པར་སྔོན་ལ་ཡིག་རྨོངས་སེལ་དགོས་པ་དང་། དབུལ་སྐྱོར་བྱེད་པར་སྔོན་ལ་རིག་སྐྱོར་བྱེད་དགོས། སློབ་གསོ་ནི་དབུལ་པོ་བུ་རབས་ཚ་རྒྱུད་ཀྱི་གནད་དོན་སེལ་བའི་རྩ་བཅོས་བྱ་ཐབས་ཤིག་རེད། བོད་ཀྱིས་སྔ་ཕྱི་བར་གསུམ་དུ་སློབ་གསོའི་དབུལ་སྐྱོར་དབུལ་པོ་བུ་རབས་ཚ་རྒྱུད་ཀྱི་གནད་དོན་སེལ་བའི་རྩ་བའི་དམ་འཛིན་བྱ་གཞིར་བརྩིས་ནས། ཁ་གསབ་སྤྲོད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐབས་མང་མཉམ་སྤྱོད་ཀྱིས་སློབ་གསོའི་དབུལ་སྐྱོར་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ《སློབ་མཚམས་མི་ཆད་པའི་སློབ་ཞུགས་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་འོས་འགན་སློབ་གསོའི་གྲུབ་འབྲས་སྲ་བརྟན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཏོན་ཐོག་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་སློབ་མཚམས་མི་ཆད་པའི་སློབ་ཞུགས་འགན་ལེན་ལས་དོན་ལ་དོ་དམ་ནན་པོ་བྱས་ཡོད་པ་རེད།

    འདི་ལོའི་ལོ་སྟོད་དུ། རང་ལྗོངས་ཀྱིས་སྐད་གཉིས་བུ་བཅོལ་ཁང་དང་འོས་འགན་སློབ་གསོའི་སློབ་གྲྭ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་19.6བཏང་ནས་བུ་བཅོལ་ཁང་དང་འོས་འགན་སློབ་གསོའི་སློབ་གྲྭའི་དུས་མཚམས་ཀྱི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་བཏང་ཡོད། དེ་དང་ཆབས་ཅིག སློབ་མཚམས་མི་ཆད་པའི་སློབ་ཞུགས་འགན་ལེན་ལས་དོན་ལའང་འཕེལ་རྒྱས་གསར་པ་ཡོང་བར་བྱས་ནས་སློབ་མཚམས་ཆད་པའི་བྱིས་པ་9000ལྷག་ཙམ་སློབ་གྲྭར་བསྐྱར་ལོག་ཐུབ་པ་དང་སྦྲགས། གནས་དེ་གའི་སློབ་གསོའི་སྡེ་ཚན་གྱིས་ཁྱིམ་བདག་དབར་སློབ་ཞུགས་བརྟན་གཏོང་གི་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་ཡོད་པ་རེད།

    སྨན་བཅོས་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་ཐང་བསྲུངས་པ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དམངས་ཡོངས་ཀྱི་བདེ་ཐང་མེད་ན། ཕྱོགས་ཡོངས་ཀྱི་འབྱོར་འབྲིང་མེད”ཅེས་ནན་བཤད་ཐེངས་མང་གནང་ཡོད། ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མི་འབོར་དབུལ་པོ“སྨན་པ་བསྟེན་ཐུབ་པ་དང་། ནད་ལྟ་ཐུབ་པ། ནད་གཞི་ཡག་པོ་ལྟ་ཐུབ་པ། ནད་གཞི་ཕོག་ཉུང་བ”བཅས་ཀྱི་དམིགས་ཚད་ལ་གཞིགས་ནས་ལམ་སྲོལ་གསར་གཏོད་དང་ཕྱོགས་བསྡུས་ཇུས་འདོན་བྱས་པས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་སྲིད་ཇུས་ཁྱབ་ཚད་100%ཟིན་ཡོད་པ་རེད།

    ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་འགྲོ་སོང་རྩིས་ཞུའི་ཁ་གསབ་བསྡུར་ཚད་མཐོ་རུ་གཏོང་བ་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་སྨན་བཅོས་འགྲོ་གྲོན་དུས་ཐོག་ཏུ་རྩིས་ཞུ་བྱེད་པ་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་སྤྱད་པས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་གཙོ་བོར་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་རོགས་སྐྱོབ་དང་ཞིང་འབྲོག་པའི་ནད་ཆེན་འགན་བཅོལ་ཟུང་འབྲེལ་བྱེད་པ། སྲིད་གཞུང་གིས་ཐ་སྐྱོང་འགན་ལེན་བྱེད་པ། ཚོང་ལས་ཁ་གསབ་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་ཏུ་བྱེད་པ་བཅས་ཀྱི་རིམ་པ་མང་བའི་སྨན་བཅོས་འགན་ལེན་གྱི་མ་ལག་ཆགས་ནས་མི་འབོར་དབུལ་པོ་རྣམས“སྨན་པ་བསྟེན་ཐུབ་པ”བྱས་ཡོད་པ་རེད།

    བདེ་ཐང་དབུལ་སྐྱོར་གྱི“ཁག་གཅིག་བྱས་པ་གསུམ”གྱི་བྱ་སྤྱོད་འཆར་གཞི་ཕྱོགས་སྟོན་དུ་བྱས་ཏེ་རིམ་པ་ཁག་དང་སྡེ་ཚན་ཁག་གི་འཕྲོད་བསྟེན་བདེ་ཐང་སྡེ་ཚན་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་ནད་ཆེན་དང་། གཅོང་ནད། ནད་གཞི་ཚབས་ཆེན་བཅས་ཕོག་པའི་མི་འབོར་དབུལ་པོར་ཕྱོགས་ཡོངས་ནས་མཐིལ་རྟོགས་བརྟག་དཔྱད་བྱས་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་གཅོང་ནད་ཀྱི་ཁྱིམ་ཚང་སྨན་པའི་དན་གྲོས་ཞབས་ཞུའི་ལས་ཀའི་སྐོར་གྱི་ཇུས་གཞི》དང《བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོའི་ནད་གཞི་ཚབས་ཆེན་ཐ་སྐྱོང་འགན་ལེན་གྱི་ལག་བསྟར་ཇུས་གཞི》སོགས་འགན་ལེན་བྱ་ཐབས་བཟོས་ནས་མི་འབོར་དབུལ་པོ“ནད་ལྟ་ཐུབ་པ”བྱས་ཡོད་པ་རེད།

    2018ལོ་དང་2019ལོར། རིམ་རྩིས་ལྟར་ན་གཞི་རིམ་གྱི་འཕྲོད་བསྟེན་རྣམ་གྲངས་ཁག་200ལྷག་ཙམ་ལག་བསྟར་དང་བཀོད་སྒྲིག་བྱས་ནས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བར་སྤྱད་པ་དང་། “1774ཡི་ནུས་པ་ཆེར་གཏོང་གི་འདུ་འགོད”ལག་བསྟར་བྱས་ནས་མི་འབོར་དབུལ་པོ“ནད་གཞི་ཡག་པོ་ལྟ་ཐུབ་པ”བྱས་ཡོད། གཞན་ཡང་། ལྗོངས་ཡོངས་ཀྱི་རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ཀྱི་ཁ་གསབ་ཚད་གཞི་མཐོ་རུ་བཏང་བ་དང་ས་ཁུལ་དབུལ་པོའི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་སོགས་ཀྱི་ལས་དོན་སྤེལ་ནས་ས་ཁུལ་དབུལ་པོའི་སྤྱི་པའི་ཞབས་ཞུ་འཕྲོད་བསྟེན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་མི་འབོར་དབུལ་པོ“ནད་གཞི་ཕོག་ཉུང་བའི”འགན་ལེན་བྱས་ཡོད། མིག་སྔར་རང་ལྗོངས་ཀྱིས་ནད་ཆེན་རིགས་33ཕོག་པའི་མི་ལ་ཚད་ལྡན་ཅན་གྱི་གཅིག་སྡུད་སྨན་བཅོས་བྱས་པ་དང་། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུ་སོགས་ཀྱི་གཅོང་ནད་ཕོག་པའི་ནད་པར་ཁྱིམ་ཚང་སྨན་པའི་དན་གྲོས་ཞབས་འདེགས་ཁྱབ་པར་བྱས་པ་དང་སྦྲགས། མི་16000ལྷག་ཙམ་ལ་གཞི་རྩའི་སྐྱོབ་བཅོས་དང་དོ་དམ་ཞབས་འདེགས་ཞུས་ཡོད་པ་རེད།

    སྡོད་ཁང་སྐྱོ་ཁུལ་ནས་སྡོད་ཁང་གསར་པར་སྤོས་པ།

    མི་འབོར་དབུལ་པོར“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་མངོན་འགྱུར་བྱེད་རིང་། “སྡོད་ཁང་གི་བདེ་འཇགས་འགན་ལེན་ཡོད་པ”ནི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལས་འགན་གལ་ཆེན་གྱི་གྲས་ཤིག་རེད། རང་ལྗོངས་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་དོན་སྤེལ་སྐབས། ཡུལ་ཕྱོགས་གཅིག་གི་ཐོན་ཁུངས་ལས་ཡུལ་ཕྱོགས་དེ་གའི་མིའི་འཚོ་བ་འཕྱིད་དཀའ་བའི་གནད་དོན་ཐག་གཅོད་བྱས་ནས་མང་ཚོགས་དབུལ་པོ་མི་ཉུང་བ་ཞིག་སྡོད་ཁང་གསར་པར་སྤོས་ཤིང་། ཟླ་དྲུག་པའི་ཟླ་མཇུག་བར། རང་ལྗོངས་ཀྱིས་བཀོད་སྒྲིག་ས་ཚིགས་942སྐྲུན་རྩིས་ཡོད་པའི་ནང་བཀོད་སྒྲིག་ས་ཚིགས་812བསྐྲུན་ཟིན་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་། མ་མཐའི་འཚོ་བ་འགན་ལེན་གྱི་དུད་ཚང་། གྲོང་གསེབ་ཀྱི་ཁ་ཐོར་བསྙེན་བཀུར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དབང་པོ་སྐྱོན་ཅན་དབུལ་པོའི་ཁྱིམ་ཚང་བཅས་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་བྱ་ཡུལ་གཙོ་གནད་ལ་བརྩིས་ཏེ་དུད་བསྟུན་ཇུས་འདོན་དང་སྐུལ་འདེད་ཏན་ཏིག་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    2016ལོ་ནས་2019ལོའི་བར། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་7.88བཏང་ནས་རིམ་རྩིས་ལྟར་ན་ཉེན་ཡོད་སྡོད་ཁང་ཁྲི་4.36སྒྱུར་བཀོད་བྱས་པ་དང་། སྔོན་དཔག་ལྟར་ན་འདི་ལོའི་ཟླ་དགུ་པའི་ཟླ་མཇུག་བར་རང་ལྗོངས་ཀྱི་ཉེན་ཡོད་སྡོད་ཁང་ལྷག་འཕྲོའི་སྒྱུར་བཀོད་ལས་འགན་ཚང་མ་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།